མཐའ་ཡས་ལེན་གྱི་ མི་དབང་རྒྱལ་བཙུན་རྣམ་ ༢ ཀྱིས་ འབྲུག་ལུ་ རྒྱལ་རབས་ཅན་གྱི་གཟིགས་སྐོར།

པདྨ་དབང་འདུས།
སྤྱི་ཟླ་ ༤ པའི་ཚེས་ ༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ དམིགས་བསལ་གྱིས་ འབྱོན་ལེགས་ཞུ་ནིའི་དོན་ལུ་ སྐུ་ངོ་བོ་སྦེ་ བྱོན་ཞིནམ་ལས་ ཕེབས་བསུ་ཞུ་གནང་ཡི།
མཐའ་ཡས་ལེན་གྱི་རྒྱལཔོ་ མི་དབང་མཧཱ་ ཝ་ཇི་ར་ལོང་ཀཱོན་ ཕ་ར་ ཝ་ཇི་རག་ལོ་ཅོ་ཡུ་ཧཱ་མཆོག་དང་ མི་དབང་རྒྱལ་བཙུན་ སུ་ཐི་ད་ བ་ཇ་ར་སུ་དྷ་བི་མ་ལ་ལག་ཤ་ན་མཆོག་ འབྲུག་མངའ་བདག་རྒྱལཔོ་མཆོག་གིས་ མགྲོན་བརྡ་ཕུལ་གནངམ་བཞིན་དུ་ ཉིན་གྲངས་ ༤ གི་ གཞུང་དོན་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ནུག།
མཐའ་ཡས་ལེན་གྱི་ མི་དབང་རྒྱལ་པོ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ འབྲུག་གི་མི་སེར་ཡོངས་ཀྱིས་ དགའ་མགུ་ཡི་རངས་ཀྱི་སྒོ་ལས་ ཕེབས་བསུ་ཞུ་མི་དེ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་དང་ ལེགས་སྨོན་དམ་ཟབ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
དེ་ཡང་ སྤ་རོ་ལས་ ཐིམ་ཕུ་ཚུན་གྱི་ ཁོར་ལམ་བདའ་སྟེ་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་གིས་ མི་དབངརྒྱལ་པོ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ གུས་བཏུད་ཀྱི་སྒོ་ལས་ རྒྱལ་དར་ཚུ་གཡུག་སྟེ་ ཕེབས་བསུ་ཞུ་བའི་ཁར་ མེ་ཏོག་ཚུ་ཡང་ ཕུལ་ཡོདཔ་ད་ འཁོར་ལམ་གྱི་ ས་ཁོངས་མ་འདྲཝ་ཚུ་ནང་ ལམ་སྲོལ་གྱི་ གཟིགས་སྟོན་ཚུ་ཡང་ འགོ་འདྲེན་འཐབ་ནུག།
མི་དབང་རྒྱལ་བཙུན་རྣམ་ ༢ བཀྲིས་ཆོས་རྫོང་ནང་ ཕེབས་པའི་སྐབས་ལུ་ དྲག་པོའི་དམག་སྡེ་གིས་ མངའ་བདག་བསྟི་སྭ་ ཞུ་བའི་ཤུལ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་དང་ མཇལ་ཕྲད་མཛད་ཡོདཔ་ཨིན་པས།
དེ་ལས་ རྟེན་འབྲེལ་ཐང་ནང་ བདེ་སྲུངཔ་དང་ རྒྱལ་སྲུངཔ་ཚུ་གིས་ བསྟི་སྭ་ཞུ་ནི་དང་འབྲེལ་ཏེ་ རྒྱལ་ཁབ་ ༢ ཀྱི་ ལམ་སྲོལ་གླུ་གར་ཚུ་ སྤྱན་འབུལ་ཞུ་ཐོག་ལས་ དམིགས་བསལ་གྱི་ འབྱོན་པ་ལེགས་སོ་ཞུ་སར་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ དབུ་བཞུགས་མཛད་གནང་ནུག།
དེ་མ་ཚད་ ཆེ་མཐོའི་དཔོན་ཁག་ཚུ་དང་ འགོ་དཔོན་ཚུ་གིས་གཙོས་པའི་ སློབ་ཕྲུག་ཚུ་དང་ འབྲུག་ལུ་ཡོད་མི་ མཐའ་ཡས་ལེན་གྱི་ མི་སེར་བརྒྱ་ལས་བཅད་མི་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་ འབྲུག་ལུ་ བྱོན་མི་དེ་ ཐེངས་དང་པ་ཨིནམ་ད་ གཟིགས་སྐོར་དེ་ དམིགས་བསལ་གྱིས་ གལ་ཅན་ཅིག་ཨིན་མི་དེ་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ མཛའ་བཤེས་ཅན་གྱི་ མཐུན་ལམ་ཚུ་ སྔར་བ་ལྷགཔ་སྦེ་ རྩ་བརྟན་དང་ སྒྲིང་སྒྲིང་འགྱོ་བ་ལུ་བརྟེན་ཏེ་་ཨིན་པའི་གནས་ཚུལ།

Please follow and like us: