
མགོན་པོ་རྡོ་རྗེ།
རང་ཟླ་ ༢ པའི་ཚེས་ ༢༩ སྤྱི་ཟླ་ ༤ པའི་ཚེས་ ༢༦ ལུ་ མཐའ་ཡས་ལེན་གྱི་རྒྱལཔོ་ མི་དབང་ མཧཱ་ ཝ་ཇི་ར་ལོང་ཀཱོན་མཆོག་དང་ མི་དབང་རྒྱལ་བཙུན་ སུ་ཐི་དྷ་མཆོག་ འབྲུག་རྒྱལ་ཁབ་ནང་ གཞུང་འབྲེལ་གཟིགས་སྐོར་ལུ་ བྱོན་གནང་པའི་ དགའ་སྟོན་བརྩི་སྲུང་དང་ སྐུ་རིམ་ལུ་དམིགས་ཏེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ མི་དམངས་ལུ་ སངས་རྒྱས་ཚེ་དཔག་མེད་དང་ རྟ་མགྲིན་ཟུང་འབྲེལ་གྱི་ བཀའ་དབང་གནང་ཡི།
དེ་བཟུམ་སྦེ་ མཐའ་ཡས་ལེན་གྱི་ མི་དབང་རྒྱལ་བཙུན་རྣམ་ ༢ ཀྱིས་ བསྣམས་བྱོན་ཡོད་མི་ སྟོན་པའི་རིང་བསྲེལ་བྱིན་ཅན་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཞེས་གནང་པའི་ཤུལ་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ གཞུང་གྲྭ་ཚང་གི་ སློབ་དཔོན་ལྷན་རྒྱས་ཚུ་གིས་ མར་མེ་སྨོན་ལམ་ གནང་ཡོདཔ་ད་ སྟོན་པའི་རིང་བསྲེལ་བྱིན་ཅན་དེ་ ད་རེས་ནངས་པར་ ཀུན་གསལ་ཕོ་བྲང་ལུ་སྦེ་ མི་དམངས་ལུ་ མཇལ་ཁ་གནང་དོ་ཡོདཔ་ཨིན་པས།
དེ་ལས་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་དང་ ཚོགས་ཀྱི་སློབ་དཔོན་ མཐའ་ཡས་ལེན་གྱི་ བླ་ཆེན་རྣམ་ ༢ ཀྱིས་ མི་དབང་རྒྱལ་བཙུན་རྣམས་ སྐུ་ཚེ་ཞབས་པད་བརྟན་ཏེ་ མཛད་པ་འཕྲིན་ལས་ཚུ་ དར་ཞིང་རྒྱས་ཐབས་ལུ་ སྐུ་གསུང་ཐུགས་རྟེན་ཚུ་ཕུལ་ཡི།
དེ་མ་ཚད་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་མཆོག་དང་ ཚོགས་ཀྱི་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ གཞུང་གྲྭ་ཚང་གི་ འཕགས་པའི་དགེ་འདུནམ་ ཞལ་གྲངས་ ༧༤ དང་ མཐའ་ཡས་ལེན་གྱི་ བླ་ཆེན་རྣམ་ ༢ དབུ་བཞུགས་ཐེག་ལུ་ མཐའ་ཡས་ལེན་གྱི་ འཕགས་པའི་དགེ་མདུནམ་ ཞལ་གྲངས་ ༧༤ གིས་ མཐའ་ཡས་ལེན་གྱི་ མི་དབང་རྒྱལ་བཙུན་རྣམ་ ༢ གཟིགས་སྐོར་གནང་པར་ བྱོན་ཡོད་མི་ལུ་ གུས་བཏུད་དང་ སངས་རྒྱས་ཀྱི་ བསྟན་པ་རིན་པོ་ཆེ་ ཡུན་རིང་གནས་ཐབས་ལུ་དམིགས་ཏེ་ སྟོན་པ་རྡོར་ལྡན་མའི་ སྐུ་མདུན་ལུ་ ཤེས་རབ་སྙིང་པོ་དང་ དཀོན་མཆོག་རྗེས་དྲན་གྱི་ མདོ་ཚུ་ཡང་ འདོན་གནང་ཡོད་པའི་གནས་ཚུལ།




Users Today : 1131
Users Yesterday : 1379
This Month : 1131
This Year : 229972
Total Users : 941788
Views Today : 2916
Total views : 2741959
Who's Online : 48