
སྤྱི་ཟླ་ ༤ པའི་ཚེས་ ༢༦ གི་དྲོ་པར་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་དང་ མི་དབང་རྒྱལ་བཙུན་མཆོག་དང་གཅིག་ཁར་ ཀུན་གསལ་ཕོ་བྲང་ལུ་ ཐུགས་སྨོན་གནང་པར་ བྱོན་གནང་ཡི།
དེ་བསྒང་ མཐའ་ཡས་ལེན་གྱི་ དགེ་སློང་ཞག་གྲངས་ ༧༤ དང་ འབྲུག་པའི་དགེ་སློང་ཞལ་གྲངས་ ༧༤ གིས་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་དང་ མི་དབང་རྒྱལ་བཙུན་མཆོག་ སྐུ་ཚེ་ཞབས་པད་བརྟན་ཐབས་ལུ་ དཀར་མེ་སྟོང་མཆོད་ཕུལ་ཐོག་ལས་ སྨོན་ལམ་ཚུ་ཡང་ གནང་ཡོདཔ་ཨིན་པས།
དེ་མ་ཚད་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འབྲུག་མི་ཚུ་གི་དོན་ལུ་ སྟོན་པའི་རིང་བསྲེལ་བྱིན་ཅན་ཅིག་ ཕུལ་གནང་མི་དང་ཅིག་ཁར་ འབྲུག་ལུ་ཡོད་མི་ རིང་བསྲེལ་ ༤ དང་བཅསཔ་སྦེ་ ཀུན་གསལ་ཕོ་བྲང་ལུ་ མི་མང་ལུ་ མཇལ་ཁ་གནང་ཡོདཔ་མ་ཚད་ སྐྱབས་རྗེ་རྗེ་མཁན་པོ་རིན་པོ་ཆེ་མཆོག་གིས་ རིང་བསྲེལ་མཇལ་ཁ་ཞུ་བར་དང་ སྨོན་ལམ་བཏབ་པར་འཛོམས་མི་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་ལུ་ ཚེ་དཔག་མེད་དང་ རྟ་མགྲིན་ཟུང་འབྲེལ་གྱི་ བཀའ་དབང་ཡང་གནང་ནུག།
དེ་ལས་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ སྐུ་མདུན་ལུ་ བཅར་བའི་ཤུལ་ལས་ བདེ་ཆེན་ཆོས་གླིང་ རྒྱལ་འཛིན་ལས་འགུལ་ལུ་ གཟིགས་ཞིབ་གནང་པར་ བྱོན་ཡོདཔ་མ་ཚད་ འབྲུག་དང་ མཐའ་ཡས་ལེན་གྱི་ རྒྱལ་འཛིན་ལས་འགུལ་ཚུ་གི་ མཉམ་འབྲེལ་འགྲེམ་སྟོན་ཅིག་ལུ་ཡང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས།
དེ་ཚེ་ཕྱི་རུ་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གི་ སྐུ་བདུན་ལུ་ བཅར་ཡོད་པའི་གནས་ཚུལ།




Users Today : 1094
Users Yesterday : 1379
This Month : 1093
This Year : 229934
Total Users : 941751
Views Today : 2809
Total views : 2741852
Who's Online : 17