སྐྱེལ་འདྲེན་བཱཛ་ཅིག་གིས་ སྣུམ་འཁོར་གཞན་ཚུ་ལུ་ བརྡུང་བྱིན་པའི་སྟབས་ཀྱིས་ མི་ ༡༠ ལུ་ ཤི་རྐྱེན་དང་ ༣༠ ལུ་སྨ་སྐྱོན།

བི་བི་སི།
སྤྱི་ཟླ་ ༥ པའི་ཚེས་ ༡ ལུ་ ཕི་ལི་པིན་གྱི་ བྱང་ཕྱོགས་ལུ་ཡོད་མི་ བྲེལ་ཟིང་ཅན་གྱི་ སྤྱོད་ཁྲལ་སྒོ་ར་ལུ་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་ཅིག་གིས་ སྣུམ་འཁོར་གཞན་ལེ་ཤ་ཅིག་ལུ་ བརྡུང་བྱིན་པའི་སྟབས་ཀྱིས་ མི་གྲངས་ ༡༠ ལུ་ ཤི་རྐྱེན་དང་ ༣༠ ལྷགཔ་ཅིག་ལུ་ སྨ་སྐྱོན་བྱུང་ནུག།
ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ཡོད་མི་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་གི་ དེད་གཡོགཔ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་བཏང་པའི་བར་ན་ གཉིད་ལོག་སོང་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ སྐྱེལ་འདྲེན་ལས་ཁུངས་ཀྱིས་ ལུང་ཕྱོགས་ནང་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་ ལག་ལེན་འཐབ་མི་ སོ་ལིཌ་ ནོརཐ་བཱཛ་དང་ ཐུག་རྐྱེན་ནང་ འབྲེལ་གཏོགས་ཡོད་མི་ སྣུམ་འཁོར་ལས་སྡེ་ཚུ་ བཀག་ཆ་འབད་དགོ་པའི་ བཀའ་རྒྱ་གནང་ནུག།
ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་གི་ དེད་གཡོགཔ་དེ་ལུ་ མི་ལེ་ཤ་ཅིག་ དམར་བསད་བའི་ ཉེས་འཛུགས་ཕོག་འོང་ཟེར་ཨིནམ་ད་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་གི་ གླ་ཆ་ལེན་མི་དེ་ཡང་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་ ༤ པའི་ནང་ སྐྱེལ་འདྲེན་བཱཛ་གིས་གཙོས་པའི་ མི་མང་སྣུམ་འཁོར་གྱི་ ལས་སྡེ་དག་པ་ཅིག་ ཐུག་རྐྱེན་ལུ་བརྟེན་ཏེ་ བཀག་ཆ་འབད་ཡོདཔ་མ་ཚད་ སྨྱོ་རྫས་བརྟག་དཔྱད་སྐབས་ལུ་ དེད་གཡོགཔ་ ༨༤ གིས་ སྨྱོ་རྫས་ལག་ལེན་འཐབ་ཡོད་པའི་ གྲུབ་འབྲས་ཡང་ཐོན་ནུག།
སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ སྐྱེལ་འདྲེན་དྲུང་ཆེན་ ཝིན་སི་ཌི་ཟཱོན་གྱིས་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་གི་ ལས་སྡེ་ ༣༠ དེ་ཅིག་གི་ ངོ་ཚབ་ཚུ་དང་གཅིག་ཁར་ ཕྱད་ཞིནམ་ལས་ འཕྲལ་ཁམས་ཅིག་ཁར་ ཐུག་རྐྱེན་བྱུང་མི་ཚུ་གི་སྐོར་ལས་ གྲོས་བསྟུན་འབད་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: