
པདྨ་དབང་འདུས།
སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ རྒྱ་པཱན་གྱི་མངའ་སྡེ་ ཨོ་ས་ཀ་ལུ་སྦེ་ འབྲུག་གིས་ འཛམ་གླིང་རྒྱལ་ཡོངས་འགྲེམ་སྟོན་གྱི་ཉིནམ་ བརྩི་སྲུང་འབད་ཡོདཔ་ད་ དུས་སྟོན་དེ་ནང་ འབྲུག་གི་བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་དང་ རྒྱ་པཱན་གྱི་ དཔལ་འབྱོར་ཚོང་འབྲེལ་དང་ བཟོ་གྲྭ་ལྷན་ཁག་གི་ རྒྱལ་ཁམས་བློན་པོ་ ཨ་ཀི་ཡོ་ཤི་ཀ་ཏོ་ ༢ ཀྱིས་ གཞུང་འབྲེལ་འཐུས་མི་ཚུ་དང་ འབྲུག་གི་མཛའ་བཤེས་ཚུ་ དེ་ལས་ རྒྱ་པཱན་ལུ་ཡོད་མི་ འབྲུག་མི་ཚུ་དང་གཅིག་ཁར་ གྲལ་གཏོགས་འབད་ནུག། .
འགྲེམ་སྟོན་གྱི་ཉིནམ་ཚུ་ འགྲེམ་སྟོན་ནང་ ལུགས་མཐུན་ངོ་ཚབ་འབད་མི་ གཞུང་དོན་གྲལ་གཏོགས་པ་ཚུ་ལུ་ བརྩི་མཐོང་ངོས་འཛིན་གྱི་ དུས་སྟོན་ཅིག་ཨིནམ་ད་ དེ་ཡང་ རྒྱལ་སྤྱིའི་གནས་རིམ་ནང་ མཐུན་ལམ་དང་ མཉམ་འབྲེལ་གོང་འཕེལ་དང་འབྲེལ་ཏེ་ གྲལ་གཏོགས་འབད་མི་ རེ་རེ་བཞིན་གྱི་ ལམ་སྲོལ་གྱི་ ཁྱད་ཆོས་ཚུ་ གོ་དོན་གཏིང་གཟབ་ཀྱི་སྒོ་ལས་ བརྩི་མཐོང་གོང་འཕེལ་གྱི་ ཀུན་སློང་ཐོག་ལུ་ བརྩི་སྲུང་འབད་དོ་ཡོདཔ་ཨིན་པས།
དེ་བཟུམ་མའི་ དམིགས་བསལ་གྱི་ཉིནམ་ཚུ་ནང་ རྒྱལ་སྤྱིའི་ལམ་སྲོལ་མ་འདྲཝ་ཚུ་གི་ ཉམས་མྱོང་གི་དོན་ལུ་ རྒྱ་པཱན་དང་ འཛམ་གླིང་མཐའ་དབུས་མེད་པའི་ ས་ཁོངས་ཚུ་གི་ནང་ལས་ ཁྱད་ཆོས་ཅན་གྱི་མགྱོནམོ་ཚུ་དང་ སྤྱིར་བཏང་མི་མང་ལུ་ གཞུང་དོན་གྲལ་གཏོགས་པ་ཚུ་གིས་ རྟེན་འབྲེལ་གྱི་བྱ་སྒོ་དང་ ལམ་སྲོལ་ལས་རིམ་མ་འདྲཝ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་སྦེ་བཀོད་ནུག།
རྒྱ་པཱན་གཞུང་གིས་ མགྲོན་བརྡ་གནངམ་བཞིན་དུ་ འབྲུག་གིས་ སྤྱི་ལོ་ ༢༠༢༥ གི་ འགྲེམ་སྟོན་ནང་ “བདེ་སྐྱིདལྡན་པའི་ མ་འོངས་པའི་དོན་ལས་ ཚེ་སྲོག་ཉེན་སྐྱོབ་”ཟེར་བའི་ རྒྱལ་ཡོངས་གཞི་དོན་ཐོག་ལུ་ གྲལ་གཏོགས་འབདདོ་ཡོདཔ་ད་ དེ་ཡང་ འབྲུག་གི་གོང་འཕེལ་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དང་ མཐུན་སྒྲིག་ཅན་གྱི་ གཞི་དོན་གཙོ་བོ་ ༥ བརྒྱུད་པའི་ ཐབས་ལམ་ཚུ་ཡང་ འགྲེམ་སྟོན་འབད་དོ་ཡོདཔ་ཨིན་པས།
གཞི་དོན་གཙོ་བོ་ ༥ ཡང་ བདེ་སྐྱིད་ལྡན་པའི་ མ་འོངས་པ་དང་ གཞུང་སྐྱོང་ལེགས་ལྡན་གོང་འཕེལ་ ལམ་སྲོལ་ཉམས་སྲུང་དང་ གོང་འཕེལ་ མཐའ་འཁོར་གནས་སྟངས་ཉམས་སྲུང་ ཡུན་བརྟན་ཅན་གྱི་ མི་སྡེ་དཔལ་འབྱོར་གོང་འཕེལ་ཚུ་ཨིནམ་ད་ གཞི་དོན་རེ་རེ་བཞིན་དུ་ འགྲེམ་སྟོན་དང་ བརྙན་ཐུང་ ལྟདམོ་གི་ལས་རིམ་ དེ་ལས་ ཕན་ཚུན་འབྲེལ་དོན་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ ལྟདམོ་བལྟ་མི་ཚུ་གིས་ འབྲུག་གི་ཁྱད་ཆོས་ཅན་གྱི་ གོང་འཕེལ་གྱི་ ཐབས་ལམ་ཚུ་གི་སྐོར་ལས་ གོ་དོན་རྟོགས་པའི་ མཐོང་སྣང་གི་ གོ་སྐབས་ཚུ་ ཐོབ་དོ་ཡོདཔ་སྦེ་བཀོད་ནུག།
སྤྱི་ལོ་ ༢༠༢༥ གི་ འགྲེམ་སྟོན་ནང་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་ ཚོང་འབྲེལ་ལས་ཁུངས་ཀྱིས་ གཞུང་གི་ལས་སྡེ་གཙོ་བོ་ཚུ་དང་ མཉམ་འབྲེལ་ཐོག་ལས་ འགོ་ཁྲིད་འབད་དེ་ འབྲུག་ནང་འཁོད་ཀྱི་ འཐོན་སྐྱེད་མ་འདྲཝ་ཚུ་ རྒྱལ་སྤྱིའི་ལྟདམོ་བལྟ་མི་ཚུ་ལུ་ སྟོན་ནི་དང་ གོང་འཕེལ་གཏང་ནི་ དེ་ལས་ བཙོང་ནིའི་དོན་ལུ་ སྒེར་སྡེ་ཅིག་ལུ་ འགན་སྤྲོད་འབད་ཡོད་པའི་ ཚོང་འབྲེལ་ཁང་ཆེན་ཅིག་ཡང་ བཙུགས་ཏེ་ཡོདཔ་ཨིན་པས།
འགྲེམ་སྟོན་དེ་ནང་ རྒྱལ་ཁབ་དང་ ལུང་ཕྱོགས་ རྒྱལ་སྤྱིའི་ལས་ཚོགས་ཚུ་རྩིས་ཏེ་ གྲལ་གཏོགས་འབད་མི་ སྡེ་ཚན་ ༡༥༨ ལྷགཔ་ཅིག་ཡོད་མི་དེ་ནང་ ཤེས་ཡོན་བརྗེ་སོར་དང་ མཉམ་འབྲེལ་ གསར་བཏོད་ རྒྱལ་སྤྱིའི་དོ་འགྲན་བཅས་ གནད་དོན་མ་འདྲཝ་ཚུ་ གཅིག་འདུས་ཀྱི་སྒོ་ལས་ འགྲེམ་སྟོན་འགོ་འདྲེན་འཐབ་དོ་ཡོདཔ་ལས་ ལྟདམོ་བལྟ་མི་ ས་ཡ་ ༢༨ ལྷགཔ་ཅིག་ འོང་ནི་གི་ རེ་བ་ཡོདཔ་ད་ འགྲེམ་སྟོན་དེ་ འགོ་བཙུགས་པའི་ཉིན་མ་ལས་ ཉིན་བསྟར་བཞིན་དུ་ ལྟདམོ་བལྟ་མི་ ༡༠,༠༠༠ དེ་རེ་ འོང་དོ་ཡོདཔ་སྦེ་བཀོད་ནུག། .
འབྲུག་གི་ཚོང་འབྲེལ་ཁང་ཆེན་དེ་ ཉིན་བསྟར་བཞིན་དུ་ དྲོ་པའི་ཆུ་ཚོད་ ༩ ལས་ ཕྱི་རུའི་ཆུ་ཚོད་ ༩ ཚུན་ སྒོ་ཕྱེ་སྟེ་ བཞག་དོ་ཡོདཔ་ད་ ཁང་ཆེན་དེ་ནང་ལས་ ལྟདམོ་བལྟ་མི་ཚུ་ལུ་ བྱོན་ལེགས་ཀྱི་ བསུ་བ་དང་བཅས་པའི་ འབྲུག་གི་བརྩི་མཐོང་དང་ གོང་འཕེལ་གྱི་ལྟ་བ་ རེ་འདུན་ཚུ་གི་སྐོར་ལས་ རྒྱལ་སྤྱིའི་མི་སྡེ་ལུ་ གོ་དོན་དང་ ཉམས་མྱོང་ཚུ་ སྤེལ་ཚུགས་དོ་ཡོདཔ་ཨིན་པས།
ཨོ་ས་ཀ་འི་ས་གནས་ ཡུ་མེ་ཤི་མ་ལུ་ འགོ་འདྲེན་འཐབ་མི་ འགྲེམ་སྟོན་དེ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ཚུན་ བཞག་ནི་ཨིན་པའི་གནས་ཚུལ།





Users Today : 2465
Users Yesterday : 3320
This Month : 92908
This Year : 388874
Total Users : 1100691
Views Today : 4000
Total views : 3075060
Who's Online : 17