
མགོན་པོ་རྡོ་རྗེ།
ཐིམ་ཕུ་ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ ཉིན་གྲངས་ ༣༢ ཀྱི་རིང་ལུ་ སྙིང་ཐིག་ཡ་བཞི་དང་ འདུས་པ་མདོ་དབང་གི་ ལྗགས་ལུང་དང་ བཀའ་དབང་ཚུ་ གནང་ནི་ཨིན་པས།
དེ་ཡང་ རང་ཟླ་ ༣ པའི་ཚེས་ ༨ སྤྱི་ཟླ་ ༥ པའི་ཚེས་ ༥ ལས་ འགོ་བཙུགས་ཏེ་ རང་ཟླ་ ༤ པའི་ཚེས་ ༡༠ སྤྱི་ཟླ་ ༦ པའི་ཚེས་ ༥ ཚུན་ ཉིན་བསྟར་བཞིན་དུ་ དྲོ་པའི་ཆུ་ཚོད་ ༩ ལས་ ཉིན་ཡོལ་ཆུ་ཚོད་ ༡ གི་རིང་ལུ་ བཀའ་དབང་གནང་ནི་དང་ ཉིན་ཡོལ་ཆུ་ཚོད་ ༢ ལས་ ཕྱི་རུའི་ཆུ་ཚོད་ ༥ གི་རིང་ལུ་ ལྗགས་ལུང་གནང་ནི་གི་ ལས་རིམ་ཡོད་ཟེར་ བུམ་ཐང་ལྷོ་བྲག་མཁར་ཆུ་གྲྭ་ཚང་གི་ མཁན་པོ་བློ་གསལ་དབང་པོ་གིས་ གསུངས་གནང་ཡི།
བཀའ་དབང་དེ་གི་རིང་ལུ་ དད་ལྡན་མི་སེར་ཚུ་ག་ར་ བྱ་སྟབས་བདེ་ཐབས་ལུ་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་བཱཛ་དང་ གླ་འཁོར་ཚུ་ཡང་ བཙུགས་ནི་ཨིནམ་ད་ དེ་ཡང་ དྲོ་པའི་ཆུ་ཚོད་ ༥ ལས་ ༧ ཚུན་གྱི་རིང་ལུ་ ཅང་སྒང་ཁ་ལྷ་ཁང་གི་ སྣུམ་འཁོར་བཞག་ས་དང་ ཅང་གླིང་མའི་ཐང་ རྟ་བབ་ འབར་པའི་ས་ཚུ་ལས་ གླ་ཆ་མར་ཕབ་ཐོག་ལུ་ ཡར་མར་སྐྱེལ་འདྲེན་འབད་ནི་གི་ ལས་རིམ་ཡང་ཡོདཔ་ཨིན་པས།
དེ་མ་ཚད་ དབང་ལུང་ཞུ་མི་ཡོངས་ལུ་ ཉིན་མའི་གསོལཝ་དང་ གསོལ་ཇ་ཚུ་ཡང་ དབང་ལུང་འགོ་འདྲེན་འཐབ་མི་ སྦྱིན་བདག་ཚུ་གི་ ཁ་ཐུག་ལས་ དྲང་ནི་གི་ ལས་རིམ་ཡོདཔ་ཨིན་པའི་གནས་ཚུལ།