ཏ་ར་ཡ་ན་གཞི་ཚོགས་ གཞི་བཙུགས་མཛད་དེ་ ལོ་ངོ་ ༢༢ འཁོར་བའི་ དུས་དྲན་བརྩི་སྲུང་།

སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ ཐིམ་ཕུ་གསེར་ཁྲིར་མངའ་གསོལ་གླིང་ག་ནང་ ཏ་ར་ཡ་ནའི་ འགྲེམ་སྟོན་ཐེངས་ ༡༩ པ་དང་གཅིག་ཁར་ ཏ་ར་ཡ་ན་གཞི་ཚོགས་ གཞི་བཙུགས་མཛད་དེ་ ལོ་ངོ་ ༢༢ འཁོར་བའི་ དུས་དྲན་ཡང་ བརྩི་སྲུང་ཞུ་ཡོདཔ་ད་ དེ་ཡང་ “གྲོང་གསེབ་ཀྱི་ ལོངས་སྤྱོད་ལུ་དགའ་སྟོན་- མ་འོངས་པའི་ཡུན་བརྟན་”ཟེར་བའི་ བརྗོད་དོན་ཐོག་ལུ་ བརྩི་སྲུང་ཞུ་ཡོདཔ་ཨིན་པས།
འགྲེམ་སྟོན་དང་ དུས་དྲན་མཉམ་འབྲེལ་དེ་ནང་ བཻ་རོ་ཙ་ན་རིན་པོ་ཆེ་ ངག་དབང་འཇིགས་མེད་འཇིག་རྟེན་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་ དེ་ཡང་ ཆེ་མཐོའི་དཔོན་ཁག་ཚུ་དང་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གི་ སྐུ་ན་གཞོན་པའི་སྐབས་ཀྱི་ མཛའ་གྲོགས་ཚུ་གིས་ གྲལ་གཏོགས་མཛད་ནུག།
དེ་བསྒང་ མི་དབང་རྒྱལ་ཡུམ་མཆོག་གི་ འཁྲུས་སྐར་དུས་སྟོན་ ཐེངས་ ༧༠ པ་དང་འབྲེལ་ཏེ་ བྱམས་བརྩེ་ཅན་གྱི་ མཁྱེན་གཟིགས་ཆེ་བའི་ དབུ་ཁྲིད་མཆོག་ལུ་ གུས་བཏུད་ཀྱི་ཚུལ་ལུ་ ཏ་ར་ཡ་ན་གཞི་ཚོགས་ཀྱི་ འཕྲོ་མཐུད་ཅན་གྱི་ མཛད་བཟང་ལུ་ སྨོན་འདུན་ཐོག་ལས་ སྐུ་གསུང་ཐུགས་རྟེན་གྱི་ མནྜལ་ཅིག་ཡང་ ཕུལ་ཡོདཔ་ཨིན་པས།
དེ་ལས་ བཻ་རོ་ཙ་ན་རིན་པོ་ཆེ་ ངག་དབང་འཇིགས་མེད་འཇིག་རྟེན་དབང་ཕྱུག་མཆོག་གིས་ མི་དབང་རྒྱལ་ཡུམ་མཆོག་གི་དོན་ལུ་ ཆེད་དུ་བརྩམས་གནང་ཡོད་མི་ སྒྲོལ་ལྗང་གི་ སྙན་རྩོམ་ཅིག་ཡང་ ལྷག་གནང་ཡོདཔ་ད་ དེ་གི་ཤུལ་ལས་ མི་དབང་རྒྱལ་ཡུམ་མཆོག་གིས་ འབྲུག་ནང་འཁོད་ལུ་ གཞི་སྒྱུར་ཅན་གྱི་ ཕྱག་ལཱ་བཟང་པོ་ཚུ་གི་ བརྡ་མཚོན་ལུ་ འགྲུལ་བསྐྱོད་ཐོག་གི་ རྒྱལ་བཙུན་ཟེར་བའི་ དཔེ་དེབ་ཅིག་ཡང་ གསར་བཏོན་འབད་ནུག།
དེ་མ་ཚད་ ལོ་ངོ་ ༢༥ གི་ཧེ་མ་ མི་དབང་རྒྱལ་ཡུམ་མཆོག་གི་ ཕྱག་ཞུ་སྟེ་ གྲོང་གསེབ་ཚུ་ནང་ལྷོད་མི་ མི་ངོམ་ ༢ དང་ རྒྱལ་ཡུམ་མཆོག་གིས་ མི་ཚེ་གཞི་སྒྱུར་མཛད་གནང་མི་ མི་སེར་ཚུ་གི་ ངོ་ཚབ་ ༤ གིས་ རང་སོའི་ཉམས་མྱོང་དང་ བསམ་འཆར་ཚུ་ཡང་ བཤད་ཡོདཔ་ཨིན་པས།
ཏ་ར་ཡ་ན་ ཌེ་གོན་ཟེར་མི་ ཞབས་ཏོག་གིས་ རྒྱལ་ཁབ་ནང་ ཕན་ཐོགས་བྱུང་ཡོད་པའི་སྐོར་ལས་ འགྲེམ་སྟོན་འབད་བའི་ཁར་ འབྲུག་གི་གྲོང་གསེབ་ཁག་གི་ མི་སྡེ་ཚུ་གིས་ཡང་ རང་སོའི་ལག་རྩལ་དང་ ལམ་སྲོལ་ ལོ་རྒྱུས་ཚུ་ བཤད་ནི་ལུ་ གྲལ་གཏོགས་འབད་དེ་ གྲོང་གཡུས་ཁག་གི་ ལོངས་སྤྱོད་ཀྱི་ རེ་འདུན་ཚུ་གི་ བརྡ་མཚོན་སྟོན་པའི་ དུས་སྐབས་བཟང་པོ་ཅིག་ཡང་ཨིན་པས།
དུས་སྟོན་དེ་ཁར་ ཏ་ར་ཡ་ན་ གཞི་ཚོགས་ནང་ ལོ་ངོ་ ༡༠ དང་ དེ་ལས་ལྷག་སྟེ་ ཕྱག་ཞུ་མི་ཚུ་ལུ་ “ལོ་ངོ་ ༡༠ དང་ དེ་ལས་ལྷག་མི་ཚུ་ལུ་ བཀྲིན་དགའ་ཚོར་གྱི་སྒོ་ལས་ ཧིང་དྭངས་མའི་དཀྱིལ་ལས་ར་ ཞབས་ཏོག་གི་དུས་སྟོན་” ཟེར་བའི་ དམིགས་བསལ་གྱི་ བརྩི་མཐོང་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

Please follow and like us: