སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཀུར་སྟོད་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ བཛྲ་གུ་རུ་དུང་སྒྲུབ།

ཀུར་སྟོད་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ དགོན་འཛིན་གྲྭ་ཚང་གི་ བླ་སློབ་དང་ དགེ་འདུན་པ་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ འདུ་ཁང་སྐུ་གསུམ་ཕོ་བྲང་ནང་སྦེ་ གུ་རུ་ཐོད་འཕྲེང་རིགས་ལྔའི་སྒོ་ལས་ བདུན་ཕྲག་ ༡ གི་རིང་ལུ་ བཛྲ་གུ་རུ་དུང་སྒྲུབ་ གནང་མི་དེ་ རང་ཟླ་ ༣ པའི་ཚེས་ ༡༧ སྤྱི་ཟླ་ ༥ པའི་ཚེས་ ༡༤ ལུ་ གྲོལ་གནང་ཡོདཔ་ཨིན་པས།

དུང་སྒྲུབ་དེ་ཡང་ རང་ཟླ་ ༥ པའི་ཚེས་ ༡༡ སྤྱི་ཟླ་ ༥ པའི་ཚེས་ ༨ ལས་ འགོ་བཙུགས་གནང་ཡོདཔ་ད་ དུང་སྒྲུབ་ཉིན་གྲངས་ ༥ པར་ ཤར་ཕྱོགས་རྫོང་ཁག་ ༦ གི་ བླམ་གནས་བརྟན་ལྷན་རྒྱས་ཚུ་ཡང་ ཐུགས་སྨོན་གནང་པར་བྱོན་ནུག།

དེ་མ་ཚད་ རང་ཟླ་ ༣ པའི་ཚེས་ ༡༥ སྤྱི་ཟླ་ ༥ པའི་ཚེས་ ༡༢ ལུ་ ལོ་ལྟར་བཞིན་དུ་ གནང་སྲོལ་ཡོད་མི་ གྲྭ་ཚང་དེ་གི་ གནས་བདག་ལུ་ གསོལ་མཆོད་རྒྱས་པ་དང་ འབྲུག་རྒྱལ་ཡོངས་ བཟོ་རིག་གི་ཉིནམ་དང་འབྲེལ་ཏེ་ སྐྱབས་རྗེ་ཡིད་བཞིན་ནོར་བུ་མཆོག་གིས་ དེང་སངས་ཀྱི་ འཕྲུལ་རིག་ཚུ་ལུ་ ཐུགས་སྨོན་དང་བཅས་པའི་སྒོ་ལས་ ཁྲུས་གསོལ་དང་ ཕྱག་འབྲུ་ཚུ་ཡང་ གནང་ཡོདཔ་ཨིན་པས།

དེ་བཟུམ་མའི་ བཛྲ་གུ་རུ་དུང་སྒྲུབ་དེ་ སྤྱིར་འཛམ་གླིང་ནང་ ནད་མུག་འཁྲུག་རྩོད་ཚུ་ ཞི་ཐབས་ལུ་དང་ ལྷག་པར་དུ་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ནང་ དགའ་སྐྱིད་འབྱུང་ཐབས་ལུ་ཨིན་པའི་ཁར་ ཡང་སྒོས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་མེས་སྲས་ ༣ གྱིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ག་ར་ སྐུ་ཚེ་ཞབས་པད་བརྟན་ཏེ་ ཐུགས་དོན་ཚུ་ རང་བཞིན་ལྷུན་གྱིས་ འགྲུབ་ཐབས་ལུ་ཨིན་པའི་གནས་ཚུལ།

Please follow and like us: