ཨིཛ་རེལ་གྱིས་ རྫས་བམ་ཚུ་ ལག་ལེན་འཐབ་སྟེ་ ཉིན་ཞག་ ༡ གི་ནང་འཁོད་ལུ་ མི་གྲངས་ ༢༥༠ ལྷགཔ་ཅིག་དམར་བསད།

རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༡༦ ལུ་ ས་གནས་ཀྱི་ གསོ་བའི་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ག་ཟ་ལུ་ ཨིཛ་རེལ་གྱིས་ སྤྱི་ཟླ་ ༥ པའི་ཚེས་ ༡༥ ལས་ ཉིན་ཞག་ ༡ གི་རིང་ལུ་ རྫས་བམ་ཚུ་ ལག་ལེན་འཐབ་སྟེ་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༢༥༠ ལྷགཔ་ཅིག་ དམར་བསད་འབད་ཡི་ཟེར་ཨིན་པས།
དེ་ཡང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ མི་ཌཱལ་ཨིཛ་ལུ་ གཟིགས་སྐོར་གནང་མི་དེ་ མཇུག་བསྡུ་ཡོད་རུང་ ག་ཟའི་དམག་འཁྲུག་དེ་ མཚམས་འཇོག་འབད་མ་ཚུགསཔ་ལས་ མི་སེར་ཚུ་ལུ་ བཟའ་འཐུང་མ་ཐོབ་པའི་ དཀའ་ངལ་ཐོན་པ་ལུ་བརྟེན་ཏེ་ གྲོགས་རམ་གྱི་ དགོས་མཁོ་ཚུ་ ཡར་སེང་སོང་ཡོད་པའི་ ངོས་ལེན་འབད་ནུག
དེ་མ་ཚད་ ཨིཛ་རེལ་གྱིས་ བྱང་ཕྱོགས་ཀྱི་ ས་ཁོངས་ཆུང་ཀུ་ཅིག་ནང་ དམིགས་གཏད་བསྐྱེད་དེ་ མཁའ་དམག་གནམ་གྲུ་དང་ སྒྱོགས་མཚོན་ཚུ་ ལག་ལེན་འཐབ་སྟེ་ གནོད་འཙུབ་བཀལ་ཡོདཔ་ལས་ དེ་ཚེ་ནུབམོ་ཅིག་ལུ་ ཨམ་སྲུ་དང་ ཨ་ལུ་ཚུ་རྩིས་ཏེ་ མི་གྲངས་ ༡༠ དེ་ཅིག་ཡང་ དམར་བསད་འབད་ཡི་ཟེར་ཨིན་པས།
མ་གཞི་ རྒྱལ་སྤྱིའི་ནང་ལས་ དམག་འཁྲུག་མཚམས་འཇོག་འབད་དགོ་པའི་ ཨུ་ཚུགས་བསྐྱེད་དེ་འབད་རུང་ ཨིཛ་རེལ་གྱི་ཁ་ཐུག་ལས་ ས་མཚམས་བདའ་སྟེ་ དམག་མི་ཚུ་ ཡར་སེང་འབད་བའི་ཁར་ རྫས་བམ་ཚུ་ཡང་ བཀོ་བ་ལུ་བརྟེན་ཏེ་ མུ་གེ་འབྱུང་ནི་ཨིན་པའི་ ཉེན་བརྡ་ཚུ་ཡང་འབད་ནུག།
སྤྱི་ཟླ་ ༥ པའི་ཚེས་ ༥ ལུ་ ཨིཛ་རེལ་གྱི་ སྲུང་སྐྱོབ་ལྷན་ཚོགས་ཀྱིས་ ཧ་མཱཛ་ལུ་ གནོད་འཚུབ་བཀལ་ཏེ་ ག་ཟའི་ས་ཁོངས་ཚུ་ག་ར་ འཕྱོག་བཟུང་འབད་ཞིནམ་ལས་ གྲོགས་རམ་ཚུ་ ཚད་འཛིན་འབད་ནི་གི་ འཆར་གཞི་ཚུ་ཡང་ ཆ་འཇོག་འབད་ཡོདཔ་ཨིན་པས།
ཨིཛ་རེལ་གྱིས་ དེ་བཟུམ་མའི་ གནོད་འཚུབ་བཀལ་མི་དེ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཧ་མཱཛ་གིས་ ཨིཛ་རེལ་གྱི་ མི་སེར་ ༡,༢༠༠ དེ་ཅིག་ དམར་བསད་འབད་བའི་ཁར་ མི་གྲངས་ ༢༥༠ དེ་ཅིག་ཡང་ བཙན་བཟུང་འབད་བ་ལུ་བརྟེན་ཏེ་ ངན་ལན་འཇལ་ཐོག་ལས་ ཧ་མཱཛ་ཚུ་ རྩ་མེད་བཏང་ནི་སྦེ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: