ཨིཛ་ཊེན་བཱུལ་ལུ་ ཡུ་ཀེ་རེན་དང་ ར་ཤི་ཡའི་ སྐུ་ཚབ་ཚུ་གི་བར་ན་ ངོ་འཛོམས་ཐོག་གི་ ཞལ་འཛོམས་དང་པ།

བི་བི་སི།་
ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ ལོ་ངོ་ ༣ ལྷགཔ་ཅིག་གི་རིང་ལུ་ དམག་འཁྲུག་ལང་པའི་ཤུལ་ལས་ སྤྱི་ཟླ་ ༥ པའི་ཚེས་ ༡༦ ལུ་ ཕྱི་འབྲེལ་སྲིད་སྐྱོང་གི་དོན་ལས་ གོམ་པ་ཆུང་ཀུ་ཅིག་ མདུན་སྤོ་འབད་ནུག།
དེ་ཡང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༣ པའི་ནང་ ར་ཤི་ཡ་གིས་ ཁྱིམ་ཚང་རྒྱལ་ཁབ་ ཡུ་ཀེ་རེན་ལུ་ བཙན་འཛུལ་འབད་བའི་ཤུལ་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ དམག་འཁྲུག་ལང་བཞིན་དུ་ཡོད་མི་དེ་ འཇོམས་ཐབས་ལུ་ ད་རེས་ འགོ་དང་པ་ ཊར་ཀིའི་རྒྱལ་ས་ ཨིཛ་ཊེན་བཱུལ་ལུ་ཡོད་མི་ བཱོཛ་ཕོ་རཱཛ་གི་ མཚོ་འགྲམ་ཕོ་བྲང་ནང་སྦེ་ ཡུ་ཀེ་རེན་དང་ ར་ཤི་ཡའི་ སྐུ་ཚབ་ཚུ་གི་བར་ན་ ངོ་འཛོམས་འབད་ཡོདཔ་ཨིན་པས།
དེ་སྦེ་ ངོ་འཛོམས་འབད་མི་དེ་ཡང་ ཊར་ཀི་དང་ ཡུ་ཨེཛ་རྒྱལ་ཁབ་ ༢ ཀྱིས་ དམག་འཁྲུག་མཚམས་འཇོག་གི་དོན་ལས་ གསུང་གྲོས་གནང་དགོ་པའི་ ཨུ་ཚུགས་སྐྱེད་ནི་དེ་གིས་ཨིནམ་ད་ དེ་བསྒང་ རྒྱལ་ཁབ་ ༢ ཀྱི་ སྐུ་ཚབ་ཚུ་གི་བར་ན་ ལགཔ་མཐུད་ནི་མེད་པའི་ཁར་ ཡུ་ཀེ་རེན་གྱི་ སྐུ་ཚབ་ཕྱེད་ཀ་ཅིག་གིས་ར་ དམག་གོ་གྱོན་ཐོག་ལས་ གྲལ་གཏོགས་འབད་ནུག།
དེ་བསྒང་ ཞལ་འཛོམས་ཁང་དེ་ ཡུ་ཀེ་རེན་དང་ ཊར་ཀི་ ར་ཤི་ཡའི་ རྒྱལ་དར་ཚུ་དང་ མེ་ཏོག་ཚུ་གིས་བརྒྱན་ཏེ་ མཛེས་ཏོག་ཏོ་སྦེ་ བཟོ་ཡོདཔ་ད་ ཞལ་འཛོམས་དེ་ནང་ ཊར་ཀིའི་ཕྱི་འབྲེལ་བློན་པོ་ ཧ་ཀཱན་ཕི་ཌཱན་གྱིས་ སྐུ་ཚབ་ཚུ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ ཞི་བདེའི་ལམ་དང་ ཤི་རྐྱེན་དང་ གཏོར་བཤིག་གི་ མདུན་ལམ་ ༢ ལས་ མེད་ཟེར་ཨིན་པས།
དུས་ཡུན་ཆུ་ཚོད་ ༢ མ་ལངམ་ཅིག་གི་རིང་ལུ་ གསུང་གྲོས་གནང་མིའི་ནང་ ཡུ་ཀེ་རེན་གྱི་ འགོ་དཔོན་ཅིག་གིས་ ངོས་ལེན་འབད་མ་ཚུགས་པའི་ དགོས་མཁོ་གསརཔ་ཚུ་ བཀོད་ཡོདཔ་སྦེ་བཤད་ནུག།
དེ་བཟུམ་སྦེ་ དམག་འཁྲུག་མཚམས་འཇོག་འབད་ནི་ལུ་ གལ་ཆེ་བའི་ གནད་དོན་གུ་ དངོས་མཐོང་གི་ གྲུབ་འབྲས་མ་ཐོན་རུང་ རེ་བ་བསྐྱེད་མི་ལས་ མ་ཉུངམ་ཅིག་གི་ གྲུབ་འབྲས་ཐོན་ཡི་ཟེར་ཨིན་པས།
དེ་ཡང་ རྒྱལ་ཁབ་རེ་གིས་ དམག་འཁྲུག་ནང་ལས་ འཛིན་བཟུང་འབད་མི་ བཙོན་པ་ ༡,༠༠༠ རེ་ ལོག་སྤྲོད་ནི་གི་ གྲོས་ཆོད་བྱུང་ཡོདཔ་ལས་ ཡུ་ཀེ་རེན་གྱི་ ཕྱི་འབྲེལ་བློན་པོ་འོགམ་ སེར་ཧི་ཀིཛ་ལི་ཊི་སི་ཡ་གིས་ ཡུ་ཀེ་རེན་གྱི་ བཟའ་ཚང་སྟོང་ཕྲག་ ༡ གི་དོན་ལུ་ གནས་ཚུལ་ལེགས་ཤོམ་ཅིག་ཨིནམ་སྦེ་ གསལ་བཤད་འབད་ནུག།
ཡུ་ཀེ་རེན་གྱི་ སྲུང་སྐྱོབ་བློན་པོ་ རུཛ་ཊེམ་ ཨུ་མེ་རོབ་ཀྱིས་ བཙོན་པ་བརྗེ་སོར་དེ་ གང་མགྱོགས་ཅིག་སྦེ་ར་ འགོ་འདྲེན་འཐབ་འོང་ཟེར་ཨིནམ་ད་ ཤུལ་མའི་གོམ་པ་དེ་ སྲིད་འཛིན་ ༢ ཀྱི་བར་ན་ ཞལ་འཛོམས་ཅིག་ འཚོགས་ཞིནམ་ལས་མ་གཏོགས་ མདུན་སྤོ་འབད་མི་ཚུགས་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: