
པདྨ་དབང་འདུས།
སྤྱི་ཟླ་ ༥ པའི་ཚེས་ ༡༥ ལུ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ གློག་ཤུགས་མེ་ག་ཝཱཊ་ ༡༨ འབད་མི་ སུ་ཆུ་གློག་མེ་ལས་འགུལ་དེ་ སྒོ་འབྱེད་མཛད་ཡོདཔ་ད་ དེ་བསྒང་ ཧཱ་གསང་སྦས་ཁ་དང་ དགའ་སྐྱིད་གླིང་རྒེད་འོག་གི་ མི་སེར་དང་ ཧཱ་རྫོང་ཁག་བདག་སྐྱོང་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་ འབྲུག་སླར་བྱུང་གློག་མེ་ལས་འཛིན་ དེ་ལས་ ལས་སྡེ་གཞན་ཚུ་གི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།
གློག་མེ་ལས་འགུལ་དེ་ དངུལ་ཀྲམ་ས་ཡ་ ༢,༥༥༦ ཟད་འགྲོ་བཏང་ཐོག་ལས་ ཟླ་ངོ་ ༢༧ གྱི་ ནང་འཁོད་ལུ་ ག་ནི་བ་ཡང་ མགྱོགས་དྲགས་སྦེ་ མཇུག་བསྡུ་ཡོདཔ་ད་ དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ནད་ཡམས་ཀོ་ཝིཌ་སྐབས་ལུ་ གློག་མེ་ལས་འགུལ་ བཟོ་བསྐྲུན་ཐོག་ལས་ བརྒྱུད་ཐག་ཐོག་ལུ་ བཀལ་དགོ་པའི་ ཐུགས་ཀྱི་དགོངས་འཆར་གྱི་ ཆུར་བརྟེན་གློག་མེ་ལས་འགུལ་ཆུང་བ་ འགོ་དང་པ་ཨིན་པས།
གློག་མེ་ལས་འགུལ་ཆུང་བ་ གོ་རིམ་དང་པའི་ཆ་ཤས་ མེ་ག་ཝཱཊ་ ༥༤ འབད་མི་ གཞལམ་སྒང་བུར་སྒང་ཆུ་ གློག་མེ་ལས་འགུལ་དང་ མེ་ག་ཝཱཊ་ ༣༢ འབད་མི་ ལྷུན་རྩེ་ཡུང་གི་ཆུ་ གློག་མེ་ལས་འགུལ་ ༢ ཡང་ དུས་ཅི་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༩ པའི་ནང་ གློག་མེ་བརྒྱུད་སྤེལ་ འགོ་བཙུགས་ཚུགས་པའི་ རེ་བ་ཡོདཔ་སྦེ་བཀོད་ནུག།
འབྲུག་གི་མཐའ་ཟུར་ས་གནས་ཚུ་ནང་ དམིགས་བསལ་གྱིས་ རང་བཞིན་རྐྱེན་ངན་རེ་ འབྱུང་པའི་སྐབས་ལུ་ བརྒྱུད་ཐག་ཐོག་གི་ གློག་མེ་ཚུ་ལུ་ ཐོགས་ཆག་འབྱུང་སྲིདཔ་ལས་ དེ་བཟུམ་མའི་ གློག་མེ་ལས་འགུལ་ཆུང་བ་ཚུ་གིས་ ཡིད་ཆེས་བརྟན་པའི་ གློག་མེ་བཀྲམ་སྤེལ་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
གློག་མེ་ལས་འགུལ་ཆུང་བའི་ དམིགས་གཏད་གཙོ་བོ་གཞན་ཡང་ ཆུར་བརྟེན་ནུས་ཤུགས་ནང་ འབྲུག་པའི་མི་སྟོབས་ གོང་འཕེལ་གཏང་ནི་དེ་ཨིནམ་ད་ སུ་ཆུ་གློག་མེ་ལས་འགུལ་དེ་ འབྲུག་སླར་བྱུང་གློག་མེ་ལས་འགུལ་ ཉག་གཅིག་གིས་ བཟོ་བཀོད་དང་ བཟོ་བསྐྲུན་འབད་ཡོདཔ་ད་ རྒྱབ་སྐྱོར་ཚུ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ ཡན་ལག་ཅིག་ཨིན་མི་ ཆུར་བརྟེན་ནུས་ཤུགས་ཞིབ་འཚོལ་དང་ གོང་འཕེལ་ལྟེ་བ་གིས་འབད་ནུག།
མི་རྗེ་བློན་ཆེན་མཆོག་གིས་ སུ་ཆུ་གློག་མེ་ལས་འགུལ་ འགོ་འབྱེད་མཛད་མི་དེ་ འབྲུག་གི་ཆུར་བརྟེན་ནུས་ཤུགས་ལས་སྡེའི་ནང་ འབྱུང་རབས་ཅན་གྱི་ ཐོན་རིམ་ཅིག་ཨིནམ་ད་ ལས་འགུལ་དེ་ནང་ གྲལ་གཏོགས་འབད་མི་ འབྲུག་རེ་རེ་བཞིན་གྱིས་ དཔའ་ཉམས་བསྐྱེད་དགོ་པའི་ གཞི་ཅིག་ཡང་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
དེ་བཟུམ་མའི་ ལས་འགུལ་གོ་རིམ་གཉིས་པའི་ནང་ མེ་ག་ཝཱཊ་ ༥༤ འབད་མི་ སྒམ་རི་ཆུ་དང་ མེ་ག་ཝཱཊ་ ༩༠ འབད་མི་ ཇོ་མོ་རི་ དེ་ལས་ མེ་ག་ཝཱཊ་ ༢༦ འབད་མི་ འབྲུག་བིན་དུ་དང་ མེ་ག་ཝཱཊ་ ༢༥ འབད་མི་ བོད་སྒར་ནང་ གློག་མེ་ལས་འགུལ་ཆུང་བ་ཚུ་ཨིན་པས།
དེ་ལས་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱིས་ མེ་ག་ཝཱཊ་ ༦༠༠ འབད་མི་ འཁོར་ལོ་ཆུ་ གློག་མེ་ལས་འགུལ་དང་ མེ་ག་ཝཱཊ་ ༡,༡༢༥ འབད་མི་ རྡོ་རྗེ་ལུང་ གློག་མེ་ལས་འགུལ་ཆེ་བ་ཚུ་ཡང་ ཐབས་བྱུས་ཅན་གྱི་ མཉམ་རོགས་ཚུ་གིས་ གྲལ་གཏོགས་འབད་དེ་ བཟོ་སྐྲུན་འབད་དོ་ཡོད་པའི་ཁར་ འབྲུག་གི་འཆར་གཞི་ལྟར་དུ་ གློག་མེ་ལས་འགུལ་གཞན་ཡང་ འཆར་གཞིའི་ཐོག་ལུ་ཡོདཔ་ཨིན་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1390863
Views Today :
Total views : 5000
Who's Online :