དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ མ་དངུལ་ལག་ལེན་སྐོར་ལས་ མི་མང་སྙན་གསན།

མགོན་པོ་རྡོ་རྗེ།
སྤྱི་ཟླ་ ༥ པའི་ཚེས་ ༡༦ ལུ་ ཕྱི་རུའི་ཆུ་ཚོད་ ༦ ལས་ ༨.༣༠ ཚུན་འབདཝ་ད་ དུས་ཡུན་ཆུ་ཚོད་ཕྱེད་དང་ ༣ གྱི་རིང་ལུ་ འབྲུག་རྒྱལ་ཡོངས་ཚོགས་འདུའི་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གིས་ རྒྱལ་ཡོངས་ཚོགས་ཁང་གི་ ལྷན་འཛོམས་ཁང་བཟང་ནང་སྦེ་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ མ་དངུལ་ཐེར་འབུམ་ ༡༥ པོ་ ལག་ལེན་གྱི་སྐོར་ལས་ མི་མང་སྙན་གསན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།
དེ་ཡང་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ མ་དངུལ་ཐེར་འབུམ་ ༡༥ གི་ཐོག་ལས་ དངུལ་ཀྲམ་ཐེར་འབུམ་ ༥.༣ དུས་ཐུང་ལས་རིམ་ སྐྱིན་འགྲུལ་ཚུ་གི་དོན་ལས་ བགོ་བཀྲམ་འབད་ཡོདཔ་ད་ དངུལ་ཀྲམ་ཐེར་འབུམ་ ༩.༧ ཡུན་རིང་ལས་རིམ་ གསར་བཏོད་ཚུ་གི་དོན་ལུ་ བགོ་བཀྲམ་འབད་ནུག།
དེ་བཟུམ་མའི་ མི་མང་སྙན་གསན་ལས་རིམ་ འགོ་འདྲེན་འཐབ་མི་དེ་ཡང་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ མདུན་སྐྱོད་དང་ ས་གནས་ནང་ གདོང་ལན་བྱུང་མི་ཚུ་གི་སྐོར་ལས་ མི་མང་ལུ་ བརྡ་སྤྲོད་དུས་མཐུན་འབད་ནི་དང་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱིས་ དཔལ་འབྱོར་བསྐྱར་གསོའི་ནང་ ཕན་ནུས་ཡོད་མེད་ཀྱི་ དབྱེ་ཞིབ་འབད་ཐབས་ལུ་ཨིན་པས།
དེ་མ་ཚད་ མི་མང་དང་ བརྡ་བརྒྱུད་ཚུ་ནང་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ མ་དངུལ་ཚུ་ ཐོབ་ནི་གི་ གོ་སྐབས་དང་ བགོ་བཀྲམ་འདྲ་མཉམ་མེདཔ་དང་ ཞབས་ཏོག་དུས་ཚོད་ཁར་ ཐོབ་མ་ཚུགས་པའི་ ཚ་གྱང་ལུ་བརྟེན་ཏེ་ཡང་ཨིནམ་སྦེ་ འབྲུག་རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
མི་མང་སྙན་གསན་དེ་ནང་ སྲིད་བྱུས་དང་ ཁྲིམས་བཟོའི་གནས་རིམ་གྱི་ མི་ངོམ་ཚུ་གུ་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ ཞབས་ཏོག་སྤྱོད་མི་ མི་སེར་ཚུ་ཡང་ བདེན་ཁུངས་བཀལ་ནིའི་དོན་ལས་ དཔང་པོ་སྦེ་ མགྲོན་ཞུ་འབད་ཡོདཔ་ཨིན་པས།
དེ་ཡང་ དངུལ་རྩིས་ལྷན་ཁག་གི་དྲུང་ཆེན་དང་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་དྲུང་ཆེན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ འབྲུག་ཚོང་དང་ བཟོ་གྲྭ་ཚོགས་སྡེའི་གཙོ་འཛིན་ འབྲུག་གོང་འཕེལ་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ འབྲུག་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ལྷན་རྒྱས་གཞུང་ཚོགས་ཡིག་ཚང་གི་མདོ་ཆེན་ ཐིམ་ཕུ་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ དཔལ་འབྱོར་ལྷན་ཐབས་ལས་རིམ་ཐོག་ལས་ སྐྱིན་འགྲུལ་མ་ཐོབ་མི་ སངས་རྒྱས་རྡོ་རྗེ་དང་ སྐྱིན་འགྲུལ་ཐོབ་མི་ བཙན་སྐྱོགས་ནོར་བུ་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།
དེ་སྦེ་ གྲལ་གཏོགས་འབད་མི་ དཔང་པོ་ཚུ་ལུ་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གི༌ འཐུས༌མི༌ཚུ༌གིས་ སྤྱི་ཚོགས་ཀྱི་ བྱ་རིམ་དང་འཁྲིལ་ཏེ་ བདེན་ཁུངས་གསལ་ཞུའི་ཐོག་ལས་ དྲི་བ་ཚུ་ བཀོད་ཡོདཔ་བཞིན་དུ་ དཔང་པོ་ཚུ་གིས་ སྐྱིན་འགྲུལ་ཐོབ་མ་ཐོབ་དང་ མཉམ་འབྲེལ་ གནད་དོན་ ཞབས་ཏོག་ཚུ་ དུས་ཚོད་ཁར་ ཐོབ་མ་ཚུགས་པའི་ དཀའ་ངལ་དང་ མི་སྡེ་སོ་སོར་ ཕན་གནོད་ཚུ་གི་སྐོར་ལས་ གསལ་ཞུ་འབད་ཡོདཔ་ཨིན་པས།
ཚོགས་ཆུང་གི་ཁྲི་འཛིན་ ཆེད་བསྟོད་ཅན་གྱི་འཐུས་མི་ རིན་ཆེན་དབང་འདུས་ཀྱིས་ བདེན་ཁུངས་གསལ་ཞུ་ཚུ་ ངོས་ལེནཕུལ་ཏེ་ དྭངས་གསལ་དང་ འགན་འཁྲི་འབག་ནི་གི་ ཁས་བླངས་ཞུ་ཡོདཔ་མ་ཚད་ ད་ལས་ཕར་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གིས་ མི་མང་སྙན་གསན་ལས་རིམ་གྱི་ གྲུབ་འབྲས་གུ་ གྲོས་བསྟུན་འབད་ནིའི་དོན་ལུ་ ཞལ་འཛོམས་ཚུ་ འཚོགས་ཞིནམ་ལས་ སྙན་ཞུ་དང་ གྲོས་འདེབས་དེ་ཡང་ སྤྱི་ཚོགས་བཞི་པའི་ ཚོགས་ཐེངས་ ༣ པའི་ནང་ ཕུལ་ཐོག་ལས་ གསུང་གྲོས་གནང་ནི་ཨིནམ་སྦེ་ བཤད་ཡོད་པའི་གནས་ཚུལ།

Please follow and like us: