
རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༢༡ ལུ་ པ་ཀིཛ་ཏཱན་གྱི་ བཱ་ལོ་ཅིཛ་ཏཱན་ མངའ་སྡེའི་ནང་ དམག་སྡེ་སློབ་གྲྭའི་ སྣུམ་འཁོར་བཱཛ་ཅིག་ལུ་ དམིགས་གཏད་བསྐྱེད་དེ་ རང་སྲོག་བཅད་ཐོག་ལས་ རྫས་བམ་འགས་བཅུག་པ་ལུ་བརྟེན་ཏེ་ སློབ་ཕྲུག་ཨ་ལོ་ ༥ ལུ་ ཤི་རྐྱེན་བྱུང་ནུག།
དེ་བསྒང་ སྣུམ་འཁོར་བཱཛ་དེ་ དམག་སྡེ་གིས་ འགོ་འདྲེན་འཐབ་མི་ སློབ་གྲྭའི་ནང་ སློབ་ཕྲུག་ ༤༠ འབག་སྟེ་ འགྲུལ་སྐྱོད་འབད་བའི་བསྒང་ཨིནམ་ད་ རྐྱེན་ངན་དེ་ཁར་ ཨ་ལོ་ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་སྦེ་ ཁུཛ་དར་རྫོང་ཁག་གི་ བདག་སྐྱོང་འགོ་དཔོན་ ཡ་སིར་ཨིག་བཱལ་གྱིས་ བཤད་ཡོདཔ་ཨིན་པས།
མི་སེར་ས་ཡ་ ༡༥ དེ་ཅིག་ཡོད་མི་ མངའ་སྡེ་དེ་ནང་ ས་གཏེར་ལས་འགུལ་ གཙོ་བོ་ཚུ་ འགོ་འདྲེན་འཐབ་སའི་ ས་ཁོངས་ཅིག་ཨིན་རུང་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ ངོ་རྒོལ་གྱི་ གནས་སྟངས་ཚུ་ འཐོན་ཏེ་ར་ཡོདཔ་སྦེ་བཀོད་ནུག།
རྐྱེན་ངན་དེ་གི་སྐོར་ལས་ སྡེ་ཚན་ག་གིས་ཡང་ ངོས་ལེན་མ་འབད་བར་ཡོད་རུང་ གཡིབ་དམག་ཚུ་གིས་ དམར་བསད་འབད་མི་དེ་ པ་ཀིཛ་ཏཱན་གྱི་ རྒྱལ་རབས་ནང་ དྲན་གསོ་བཟུམ་ཅིག་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་ ༢༠༡༤ ལུ་ཡང་ པེ་ཤ་ཝར་གྱི་ བྱང་ཕྱོགས་ཁྲོམ་སྡེའི་ནང་ཡོད་མི་ དམག་སྡེའི་སློབ་གྲྭ་ཅིག་ལུ་ཡང་ གནོད་འཚུབ་བཀལ་ཏེ་ ཨ་ལོ་ ༡༣༠ ལྷགཔ་ཅིག་ དམར་བསད་འབད་ནུག།
བཱ་ལོ་ཅིཛ་ཏཱན་ མངའ་སྡེའི་ནང་ ཏཱེ་རིག་-ཨི་-ཏཱལི་བཱན་ པ་ཀིཛ་ཏཱན་ཟེར་མི་ ཨིཛ་ལ་མིག་སྡེ་ཚན་གྱིས་ ལོ་ངོ་དག་པ་ཅིག་ལས་ཚུར་ར་ གནོད་འཚུབ་བཀལ་ནི་དེ་ ཡར་སེང་སོང་ཡོདཔ་ད་ མདངས་ཞག་ སྤྱི་ཟླ་ ༣ པའི་ནང་ཡང་ རེལ་ལིའི་ལམ་ཁར་ རྫས་བམ་འགས་བཅུག་སྟེ་ འགྲུལ་པ་ ༣༡ དམར་བསད་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 540
Users Yesterday : 3292
This Month : 84648
This Year : 380614
Total Users : 1092430
Views Today : 666
Total views : 3059214
Who's Online : 22