ཡུ་ཨེཛ་སཱན་ཌི་གོ་ལུ་ གནམ་གྲུ་ཆུང་ཀུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་ ༢ ལུ་ ཤི་རྐྱེན།

རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༢༢ ལུ་ ཡུ་ཨེཛ་གི་ས་གནས་ སཱན་ཌི་གོའི་ ཉེ་འབབས་ལུ་ཡོད་མི་ དམག་སྡེའི་བཟའ་ཚང་ཚུ་ སྡོད་སའི་ས་ཁོངས་ནང་ གནམ་གྲུ་ཆུང་ཀུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་ ༢ ལུ་ ཤི་རྐྱེན་དང་ ༨ ལུ་ རྨ་སྐྱོན་བྱུང་ནུག།
དེ་ཡང་ ས་གནས་ཀྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་གྲུའི་ཐུག་རྐྱེན་དེ་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༣.༤༥ དེ་ཅིག་ཁར་ ཊིར་ར་སཱན་ཊ་ལུ་ཡོད་མི་ དམག་སྡེའི་བཟའ་ཚང་སྡོད་ཁྱིམ་གྱི་ ཉེ་འདབས་ལུ་ བྱུང་ཡི་ཟེར་ཨིན་པས།
གནམ་གྲུ་ཐུག་རྐྱེན་དེ་ མཱོན་གོ་མེ་རི་གིབཛ་ བཀོད་ཁྱབ་གནམ་ཐང་ལས་ ཤར་ཁ་ཐུག་ལུ་ མ་ཡེལ་ ༢ ལྷགཔ་ཅིག་གི་ས་ཁར་ བྱུང་ཡོདཔ་ད་ དེ་སྦེ་ ཐུག་རྐྱེན་བྱུང་མི་ གནམ་གྲུ་དེ་ནང་ མཁའ་འགྲུལཔ་ག་དེམ་ཅིག་ སྡོད་སྡོདཔ་ཨིན་ནའི་སྐོར་ལས་ ཁྲིམས་སྲུང་འགག་སྡེ་གིས་ གསལ་ཏོག་ཏོ་ཅིག་ ཧ་མ་གོཝ་སྦེ་ གསལ་བཤད་འབད་ནུག།
མེ་བསད་སྡེ་ཚན་གྱི་ གཙོ་འཛིན་ལས་རོགས་ ཌཱན་ཨི་ཌི་གིས་ མེ་བསད་སྡེ་ཚན་དེ་ ས་གནས་དེ་ཁར་ ལྷོད་པའི་སྐབས་ལུ་ སྡོད་ཁྱིམ་ཅིག་དང་ སྣུམ་འཁོར་ལེ་ཤ་ཅིག་ མེ་གིས་འཚིགས་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: