
བི་བི་སི།
སྤྱི་ཟླ་ ༥ པའི་ཚེས་ ༢༣ ལུ་ ར་ཤི་ཡ་དང་ ཡུ་ཀེ་རེན་ ༢ ཀྱི་བར་ན་ བཙོན་པ་ ༡,༠༠༠ རེ་ བརྗེ་སོར་འབད་ནི་སྦེ་ ཞལ་འཆམ་བྱུང་མི་དེ་ སྤྱི་ལོ་ ༢༠༢༢ ལོར་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ བཙན་འཛུལ་འབད་བའི་ཤུལ་ལས་ གྲུབ་འབྲས་སྦོམ་ཤོས་ཅིག་ཨིན་པས།
དེ་ཡང་ བདུན་ཕྲག་ ༡ གི་ཧེ་མར་ ཊར་ཀིའི་རྒྱལ་ས་ ཨེཛ་ཊེན་བཱུལ་ལུ་སྦེ་ ཞི་བདེའི་གསུང་གྲོས་ གནང་པའི་སྐབས་ལུ་ རྒྱལ་ཁབ་གཉིས་ཆ་རའི་ འགོ་དཔོན་ཚུ་གིས་ བཙོན་པ་སྟོང་ཕྲག་རེ་ བརྗེ་སོར་འབད་ནི་སྦེ་ ཞལ་འཆམ་བྱུང་པའི་ གྲུབ་འབྲས་ཨིནམ་སྦེ་བཀོད་ནུག།
གཏན་འཁེལ་མེད་པའི་ སྙན་ཞུ་ཅིག་དང་འཁྲིལ་བ་ཅིན་ བཙོན་པ་བརྗེ་སོར་གྱི་ ལས་རིམ་དེ་ རུ་ཀེ་རེན་དང་ བེ་ལ་རུཛ་གི་ ས་མཚམས་ས་ཁོངས་ནང་ ཉིན་གྲངས་ ༣ གྱི་རིང་ལུ་ འགོ་འདྲེན་འཐབ་འོང་ཟེར་ཨིནམ་ད་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༣ པའི་ནང་ལས་ ད་ཚུན་གྱི་རིང་ལུ་ རྒྱལ་ཁབ་ ༢ ཀྱི་ འགོ་དཔོན་ཚུ་གི་བར་ན་ ངོ་ཕྲད་ཐོག་ལས་ གསུང་གྲོས་གནང་མི་དེ་ འགོ་དང་པ་ཨིན་པས།
དུས་ཡུན་ཆུ་ཚོད་ ༢ ལས་བརྒལ་ཏེ་ གསུང་གྲོས་གནང་མ་ཚུགས་མི་ ཞལ་འཛོམས་དེ་ནང་ དམག་འཁྲུག་མཚམས་འཇོག་གི་ གྲུབ་འབྲས་ཐོན་མ་ཚུགསཔ་ད་ ར་ཤི་ཡའི་ ཕྱི་འབྲེལ་བློན་པོ་ སེར་གེ་ལབ་རོབ་ཀྱིས་ གསུང་གྲོས་སྐོར་ཐེངས་ ༢ པའི་དོན་ལས་ ཡུ་ཀེ་རེན་ལུ་ བརྡ་ལེན་འབད་ནི་ཨིན་པའི་ གསལ་བཤད་འབད་ནུག།
ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ བདུན་ཕྲག་འདི་ནང་ ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་དང་གཅིག་ཁར་ དུས་ཆུ་ཚོད་ ༢ ཀྱི་རིང་ལུ་ འགྲུལ་འཕྲིན་ཐོག་ལས་ གསུང་གྲོས་གནང་པའི་ཤུལ་ལུ་ ར་ཤི་ཡ་དང་ ཡུ་ཀེ་རེན་ ༢ ཀྱིས་ དམག་འཁྲུག་མཚམས་འཇོག་དང་ དམག་འཁྲུག་མཇུག་བསྡུ་ནིའི་དོན་ལས་ གསུང་གྲོས་གནང་ནི་གི་ ཞལ་འཆམ་བྱུང་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ སྲིད་འཛིན་པུ་ཊིན་ལུ་ དམག་འཁྲུག་འཕྲོ་མཐུད་ཀྱི་ དུས་ཚོད་ཉོ་ནི་ལུ་ དཔའ་བཅམ་ཡོད་པའི་ ཉེས་འཛུགས་བཀལ་ནུག།
ཨི་ཊ་ལིའི་བློན་ཆེན་ ཇོར་ཇི་ཡ་ མེ་ལོ་ནི་གིས་ སྲིད་འཛིན་ཊཱམ་གྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ དམག་འཁྲུག་མཚམས་འཇོག་གི་དོན་ལས་ གསུང་གྲོས་གནང་ནི་ལུ་ བར་འཛུལ་འབད་ནི་གི་ བསམ་འཆར་བཀོད་མི་ལུ་ རྒྱབ་སྐྱོར་ཡོད་ཟེར་ཨིན་པས།
ར་ཤི་ཡའི་ ཕྱི་འབྲེལ་བློན་པོ་གིས་ སྲིད་འཛིན་ཟེ་ལེནཛ་ཀི་དེ་ ཁྲིམས་མཐུན་གྱི་ འགོ་ཁྲིདཔ་ཅིག་མིནམ་ལས་ མ་འོངས་པའི་ ཞི་བདེའི་ཆིངས་ཡིག་ཅིག་ མ་བཟོ་བའི་ཧེ་མ་ བཙག་འཐུ་གསརཔ་ འགོ་འདྲེན་འཐབ་དགོཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།



Users Today : 3219
Users Yesterday : 3320
This Month : 93663
This Year : 389629
Total Users : 1101445
Views Today : 5376
Total views : 3076436
Who's Online : 17