
པདྨ་དབང་འདུས།
སྤྱི་ཟླ་ ༥ པའི་ཚེས་ ༢༧ ལུ་ རྒྱ་པཱན་གྱི་ ཅི་བཱ་འཕྲུལ་རིག་གཙུག་ལག་སློབ་སྡེ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ མཁས་དབང་སྐུ་ཡོན་གྱི་ ཆེ་བསྟོད་ལག་ཁྱེར་ཕུལ་ནུག།
དེ་ཡང་ མི་དབང་མཆོག་གིས་ འབྲུག་རྒྱལ་ཁབ་འདི་ དམངས་གཙོའི་རིང་ལུགས་སྒྱུར་བཅོས་ནང་ དབུ་ཁྲིད་མཛད་གནང་པའི་ཁར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་གོང་འཕེལ་དང་ མཁྱེན་རྒྱ་ཆེ་བའི་ རྒྱལ་སྲུང་དང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལ་སོགས་པ་ཚུ་ གསར་བཏོད་གནང་པ་ལུ་བརྟེན་ཏེ་ ལག་ཁྱེར་དེ་ ཕུལཝ་ཨིན་ཟེར་ གཙུག་ལག་སློབ་སྡེ་དེ་གི་ བསྔགས་བརྗོད་ནང་ བཀོད་དེ་ཡོདཔ་ཨིན་པས།
དེ་མ་ཚད་ བསྔགས་བརྗོད་ནང་ མི་དབང་མངའ་བདག་རྒྱལ་པོ་མཆོག་གིས་ བཟང་སྤྱོད་ཀྱི་ ཐུགས་སྟོབས་དང་ རིམ་མཐུན་དགོངས་བཞེད་ དེ་ལས་ རྒྱལ་སྤྱིའི་འགན་ཁུར་བསྣམས་མི་ཚུ་ ང་བཅས་རའི་ སློབ་ཕྲུག་ཚུ་ལུ་ རྒྱུད་སྐུལ་གྱི་ འབྱུང་གནས་ཨིན་ཟེར་ཡང་ བཀོད་དེ་ཡོདཔ་ད་ ཅི་བཱ་གཙུག་ལག་སློབ་སྡེའི་ ཁ་ཐུག་ལས་ ཕྱག་ཕྱིད་ཞུ་ནི་ཟེར་རུང་ མཐོ་ཤོས་ར་ མཁས་དབང་སྐུ་ཡོན་གྱི་ ཆེ་བསྟོད་ལག་ཁྱེར་ ཕུལ་ནི་དེ་ར་ཨིནམ་སྦེ་ གསལ་བཀོད་འབད་ནུག།
མཁས་དབང་སྐུ་ཡོན་གྱི་ ལག་ཁྱེར་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་པཱན་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ མཉམ་འབྲེལ་པ་ཚུ་དང་ མཇལ་ཕྲད་ཀྱི་དོན་ལས་ ཆིབས་བསྐྱོད་གནང་པའི་སྐབས་ལུ་ ཕུལ་ཡོདཔ་ཨིན་པས།.
དེ་བཟུམ་སྦེ་ ཅི་བཱ་གཙུག་ལག་སློབ་སྡེ་གིས་ ཨེ་མར་སཱན་ ཀ་ལེག་ཊིབ་ཀྱི་ ཁྲི་འཛིན་དང་ དགེ་སྦྱོར་མཁས་མཆོག་ ཚོང་ལཱ་བཅས་འབད་མི་ ལོ་རེན་པ་ཝེལ་ཇོབཛ་དང་ ལིང་ཨིན་གྱི་ མཉམ་འབྲེལ་གཞི་བཙུགས་པ་ རེཌ་ཧོཕ་མེན་ ༢ ལུ་ཡང་ རྒྱལ་སྤྱིར་ཕན་འདེབས་འབད་བའི་ ངོས་ལེན་ཐོག་ལུ་ མཁས་དབང་ཤེས་ཡོན་གྱི་ ཆེ་བསྟོད་ལག་ཁྱེར་ བྱིན་ཡོད་པའི་གནས་ཚུལ།