ཕུན་ཚོགས་གླིང་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ སྨྱོ་རྫས་འཛིན་བཟུང་།

སྤྱི་ཟླ་ ༥ པའི་ཚེས་ ༢༨ ཀྱི་ནུབ་མོར་ ཕུན་ཚོགས་གླིང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ སྐོར་སྲུང་སྡེ་ཚན་གྱིས་ ས་མཚམས་གྱང་རྩིག་གི་ བཙོག་གཡུར་ཆུ་མཛོད་ཀྱི་ སྦོ་ལོགས་ཁ་ལས་ སྐྱེས་ལོ་ ༣༣ འབད་མི་ ཕོ་སྐྱེས་་ཅིག་ བཀག་དམ་ཅན་གྱི་ སྨྱོ་རྫས་ཨེས་པི་+ཐུམ་ ༢༤,༨༦༧ དང་ ཨེན་༡༠ སྨན་ཐུམ་ ༡༠༩ དང་སྦྲགས་ཏེ་ འཛིན་བཟུང་འབད་ནུག།
དེ་ཡང་ སྐོར་སྲུང་སྡེ་ཚན་ལུ་ རྒྱང་མཐོང་དཔར་ཆས་ བལྟ་རྟོག་འབད་མི་ ཁང་མིག་ནང་ལས་ སྙན་ཞུ་ཐོབ་མི་དང་འཁྲིལ་ཏེ་ མི་ངོམ་དེ་ རྒྱ་གར་ཁ་ཐུག་ལས་ ས་མཚམས་ཀྱི་ གྱང་རྩིག་སྦོ་ལོགས་ཁར་ལྷོདཔ་ད་ སྣུམ་འཁོར་ནང་ལས་ ཐོན་སར་མཐོང་ཡོདཔ་ཨིན་པས།
ཉེས་དོགས་པ་དེ་ རྒྱ་འབྲུག་ས་མཚམས་ལས་ རྒྱ་གར་ཁ་ཐུག་ལུ་ སྡོད་དོ་ཡོདཔ་ད་ ཧེ་མ་ཡང་ ཁོ་ལུ་ སྨྱོ་རྫས་ནག་ཚོང་དང་འབྲེལ་བའི་ བཙོན་ཁྲིམས་ལོ་ངོ་ ༦ བཀལ་བའི་ཤུལ་ལས་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡ པའི་ནང་ བཙོན་ཁྲིམས་ལས་བཏང་ནུག།
ཉེས་དོགས་པ་གིས་ སྨྱོ་རྫས་ཚུ་ ཐིམ་ཕུ་ཨོ་ལ་ཁ་ལུ་ཡོད་མི་ སྣུམ་འཁོར་བར་ཚོང་རྐྱབ་མི་ཅིག་ལུ་ སྐྱེལ་ནིའི་དོན་ལུ་ཨིན་ཟེར་ བཤད་ཡོདཔ་ལས་ ཐིམ་ཕུ་སྨྱོ་རྫས་སྡེ་ཚན་གྱིས་ ཉེས་དོགས་པ་སྡོད་སའི་ ཁང་མིག་ནང་ ཞིབ་དཔྱད་འབདཝ་ད་ ཨེས་པི་+ སྨན་ཐུམ་ ༢,༥༠༠ དང་ ཨེན་༡༠ སྨན་ཐུམ་ ༤༤༠ དེ་ལས་ དངུལ་རྐྱང་ཚུ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ ཐོབ་ཡོད་པའི་གནས་ཚུལ།

Please follow and like us: