
པདྨ་དབང་འདུས།
སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ ལྡོག་ཕྱོགས་ཚོགས་པའི་ ཁ་ཐུག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ ཞི་གཡོག་ལྷན་ཚོགས་ཀྱིས་ མཆོག་འགྱུར་འཛིན་སྐྱོང་ མེགཛ་ཟེར་མི་ བསྐྱར་ཞིབ་དང་ དེ་གི་དོན་ལུ་ ལག་ལེན་འཐབ་སྲོལ་ཡོད་མི་ ཁྲམ་རིས་བེལ་ཀརཔ་ཟེར་མི་དེ་ ཆ་མེད་གཏང་དགོ་པའི་སྐོར་ལས་ རྒྱལ་ཡོངས་ཚོགས་འདུའི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་ལུ་ རྒྱབ་སྐྱོར་ཧྲིལ་བུ་ཡོད་ཟེར་བཀོད་ནུག།
དེ་ཡང་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ལམ་ལུགས་དེ་དང་འཁྲིལཝ་ད་ ཞི་གཡོགཔ་ཚུ་གི་ གྲུབ་འབྲས་བསྐྱར་ཞིབ་དེ་ དབང་མནོན་ཅན་གྱི་ ལམ་ལུགས་ཅིག་ཨིནམ་ལས་ མཆོག་གྱུར་འཛིན་སྐྱོང་དང་ ཁྲམ་རིས་གཉིས་དང་འབྲེལ་བའི་ བསྐྱར་ཞིབ་དང་ ཆ་མེད་ཀྱི་ གྲོས་དོན་དེ་ཡང་ གཤམ་འཁོད་ཀྱི་ རྒྱུ་མཚན་ཚུ་ལུ་བརྟེན་ཏེ་ཨིན་པས།
༡. རང་སོའི་དེམས་ཁོངས་ཚུ་ནང་ ལྟ་སྐོར་སྐབས་ལུ་ ཞི་གཡོགཔ་ཚུ་གིས་ མཆོག་གྱུར་འཛིན་སྐྱོང་ལམ་ལུགས་ མེགཛ་དང་འབྲེལ་བའི་ བྱ་སྟབས་མ་བདེ་བའི་ གནད་དོན་དང་ དོ་འགྲན་ གནོད་པ་ཚུ་གིས་ སེམས་ཤུགས་ཉམས་ཏེ་ གྲུབ་འབྲས་ལེགས་ཤོམ་སྦེ་ བཏོན་མ་ཚུགས་པའི་སྐོར་ལས་དང་།
༢. མཆོག་གྱུར་འཛིན་སྐྱོང་ལམ་ལུགས་དེ་ འགོ་བཙུགས་ཏེ་ ལོ་ངོ་ ༧ ལྷག་སོངཔ་ལས་ དམིགས་བསལ་གྱིས་ དབང་མནོན་གཟེངས་ཐོན་ ལམ་ལུགས་དེ་གིས་ ཞི་གཡོགཔ་ཚུ་གི་ནང་ན་ སེམས་ཁར་མ་འཐདཔ་ ཐལ་ཡོདཔ་ཨིན་པས།
༣. ཞི་གཡོགཔ་ ༣,༢༠༠ ལུ་ དྲི་ཞིབ་ཚུ་འབདཝ་ད་ བརྒྱ་ཆ་ ༤༣ ལྷགཔ་ཅིག་གིས་ དགོངས་ཞུ་འབད་དགོ་པའི་ རྒྱུ་མཚན་དེ་ མཆོག་གྱུར་འཛིན་སྐྱོང་ལམ་ལུགས་དེ་གིས་ བྱ་སྟབས་མ་བདེཝ་ཡོད་པའི་ཁར་ སེམས་ཤུགས་ཉམས་པའི་ གཞི་ཅིག་ཡང་ཨིནམ་སྦེ་ གསལ་བཤད་འབད་ནུག།
༤. དབྱེ་ཞིབ་འབད་མིའི་གྲས་ལས་ བརྒྱ་ཆ་ ༧༣ ལྷགཔ་ཅིག་གིས་འབད་བ་ཅིན་ མཆོག་གྱུར་འཛིན་སྐྱོང་ལམ་ལུགས་ནང་གི་དོན་ཚན་ རེ་འདུན་ཆ་ཤས་ཙམ་ཅིག་ གྲུབ་ཅི་ཟེར་མི་དེ་ ཕྱིར་དབྱུང་འབད་དགོཔ་སྦེ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ མཆོག་གྱུར་འཛིན་སྐྱོང་ལམ་ལུགས་ མེགཛ་དང་ ཁྲམ་རིས་བེལ་ཀརཔ་ ༢ ཞི་གཡོག་ནང་ གྲུབ་འབྲས་ཕུལ་ཤུགས་ཀྱི་ དོན་ལུ་དང་ མི་མང་གི་ ཞབས་ཏོག་སྤྲོད་ནི་ ལེགས་སྒྱུར་གྱི་དོན་ལུ་ཨིན་རུང་ བསྐྱར་ཞིབ་དང་ ལེགས་སྒྱུར་གྱི་ དགོས་མཁོ་ཡོད་པའི་ སྒྲུབ་བྱེད་སྒྲིང་སྒྲིང་སྦེ་ ཐོན་ཡོད་མིའི་ཐེད་ཁར་ ལྡོག་ཕྱོགས་ཀྱི་ཁ་ཐུག་ལས་ ཞི་གཡོགཔ་ཚུ་གི་ བསམ་སྤྱོད་དང་ དགོངས་ཞུ་ དེ་ལས་ མི་མང་ཞབས་ཏོག་སྤྲོད་ནི་ཚུ་ ལེགས་སྒྱུར་འབད་དགོ་པའི་ གལ་གནད་ལུ་ ངོས་ལེན་ཡོད་ཟེར་བཀོད་ནུག།
ལྡོག་ཕྱོགས་ཀྱིས་ ཞི་གཡོགཔ་ཚུ་གི་ སེམས་ཤུགས་ཉམས་བཅུག་མི་ ལམ་ལུགས་འདི་ ད་རུང་ཡང་ ལཱ་བཀོལ་མ་བཏུབ་པའི་ ལམ་ལུགས་དེ་ ལོ་ག་དེམ་ཅིག་གི་རིང་ལུ་ འཕྲོ་མཐུད་དགོཔ་སྨོ་ཟེར་ཨིནམ་ད་ དེ་བཟུམ་མའི་ སེམས་ཕམ་སྡོད་མི་ ཞི་གཡོགཔ་ཚུ་གིས་ གྲུབ་འབྲས་ལེགས་ཤོམ་ བཏོན་ནི་དང་ མཆོག་འགྱུར་གྱི་ རེ་བ་ཚུ་ བསྐྱེད་ར་མི་ཚུགས་པས་ཟེར་ཨིན་པས།
དེ་ཡང་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༡༠(༢) པའི་ནང་ “སྤྱི་ཚོགས་ཀྱིས་ སྲིད་བྱུས་དང་ གནད་དོན་ དཔྱད་ཡིག་ཚུ་དང་ ཁྲིམས་ཡིག་གཞན་ རྒྱལ་ཁམས་ཀྱི་མཛད་སྒོའི་བརྟག་ཞིབ་ཚུ་ མི་དམངས་བསྐྱར་ཞིབ་ཐོག་ལས་ གཞུང་གིས་ མི་སེར་གྱི་ རེ་འདོད་བསྐང་ནི་དང་ རྒྱལ་ཁབ་ཀྱི་མཐའ་དོན་ ཉེན་སྲུང་འཐབ་ཚུགསཔ་ངེས་གཏན་བཟོ་དགོ།”
རྩ་ཚན་ ༢༦(༤) པའི་ནང་ “ལྷན་ཚོགས་དེ་གིས་ གཞུང་གི་སྲིད་བྱུས་དང་ ལས་རིམ་ཚུ་ ལག་ལེན་འཐབ་པའི་སྐབས་ལུ་ གཞུང་སྐྱོང་ལེགས་ལྡན་དང་ མི་སྡེའི་དྲང་ཁྲིམས་ཡར་དྲག་ལུ་ གནས་ཚད་མཐོ་བའི་ བཟང་སྤྱོད་དང་ གཅིག་སྒྲིལ་གྱི་ ལམ་སྟོན་ཐོག་ལས་ ཞི་གཡོགཔ་ཚུ་གིས་ ཁྱད་རིག་གི་ ཞབས་ཏོག་ཞུ་ཚུགསཔ་ ངེས་གཏན་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ།”
རྩ་ཚན་ ༢༦(༩) པའི་ནང་ “ལྷན་ཚོགས་དེ་གིས་ རང་སོའི་སྲིད་བྱུས་དང་ ལས་དོན་སྐོར་ལས་ འབྲུག་རྒྱལཔོ་མཆོག་དང་ བློན་ཆེན་ལུ་ ལོ་བསྟར་སྙན་ཞུ་ཅིག་ཕུལ་དགོ།”
རྩ་ཚན་ ༢༦(༡༠) པའི་ནང་ “རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོག་བཅའ་ཁྲིམས་དང་འཁྲིལ་ཏེ་ བྱ་སྒོ་བསྒྲུབ་དགོ།”
སྤྱི་ཚོགས་འདི་ ཁྲིམས་བཟོའི་འདུས་ཚོགས་ མཐོ་ཤོས་དང་ བལྟ་རྟོགས་འདུས་ཚོགས་ཅིག་སྦེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ཚུ་དང་འཁྲིལ་ཏེ་ དབང་ཆ་བསྟར་སྤྱོད་འབད་ཡོདཔ་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ བློན་ཆེན་བརྒྱུད་དེ་ སྤྱི་ཚོགས་ལུ་ སྙན་ཞུ་ཕུལ་དགོ་པའི་ འགན་ཁུར་འཁྲིཝ་ཨིན་ཟེར་བཀོད་ནུག།
བློན་ཆེན་གྱིས་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༢༦ (༤) པ་དང་ (༩) པའི་ དབང་ཆ་ཚུ་ བསྟར་སྤྱོད་ཐོག་ལས་ ཞི་གཡོགཔ་ཚུ་གི་ནང་ན་ སེམས་ཤུགས་ལུ་ གནོད་པ་ཡོད་མི་དང་ དགོངས་ཞུ་འགྱོ་མིའི་ གནད་དོན་ཚུ་ དག་བཅོས་མཛད་དེ་ ཞི་གཡོགཔ་ཚུ་གིས་ གཞུང་གི་སྲིད་བྱུས་དང་ ལས་རིམ་ཚུ་ ལག་ལེན་འཐབ་ནི་ལུ་ ཁེ་ཕན་མང་སུ་ཡོདཔ་ བཟོ་ཐབས་ལུ་ སེམས་ཤུགས་ཀྱི་ རྒྱུད་སྐུལ་འབད་དགོ་ཟེར་ བཀོད་འདུག་པའི་གནས་ཚུལ།



Users Today : 1309
Users Yesterday : 1350
This Month : 33628
This Year : 169317
Total Users : 881133
Views Today : 8749
Total views : 2600387
Who's Online : 11