
སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ ཁྲི་འཛིན་འོགམ་ སྦྱེལ་སྐར་ཚོ་དབུས་སུ་ འདེམས་ཁོངས་འཐུས་མི་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་ལྟར་སྙན་ཞུ་ ༢༠༢༣-༢༠༢༤ ཅན་མའི་ཐོག་ལུ་ ཚོགས་ཁང་ལས་ གྲོས་ཆོད་བཏོན་གནང་མི་ དང་ལེན་སྙན་ཞུའི་ གསལ་ཞུ་ཕུལ་ཡི།
དེ་ཡང་ སྤྱི་ལོ་ ༢༠༠༦ ལས་ ༢༠༢༥ ཚུན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་དང་འབྲེལ་བའི་ རྩོད་གཞི་བསྡོམས་ ༣༡༣ རྩོད་བཤེར་འབད་ཡོདཔ་ད་ དེ་གི་གྲས་ལས་ རྩོད་གཞི་ཁག་ ༤ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་བཤེར་འབད་ཡོད་པའི་གུ་ རྩོད་གཞི་ཁག་ ༣༠༩ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་བཤེར་འབད་ཡོདཔ་ཨིན་པས།
ད་ཚུན་གྱི་རིང་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དངུལ་ཀྲམ་ཐེར་འབུམ་ ༣.༩༢ ཐོབ་བརྗོད་བཀོད་མི་ལས་ དངུལ་ཀྲམ་ས་ཡ་ ༥༥༠ རྐྱངམ་གཅིག་ ལོག་ཐོབ་ཡོདཔ་ད་ ད་རུང་ རྩོད་གཞི་ཁག་ ༣༢ ཁྲིམས་འདུན་ལུ་ མནར་འགྱངས་སྦེ་ཡོདཔ་ལས་ ཁྲི་འཛིན་འོགམ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་གཅིག་ཁར་ གྲོས་བསྟུན་འབད་ཞིནམ་ལས་ གནམ་དགུན་གྱི་ ཚོགས་ཐེངས་ནང་ ཁ་གསལ་གྱི་ སྙན་ཞུ་ཕུལ་ནི་སྦེ་ གྲོས་འཆམ་བྱུང་ཡོད་ལུགས་ཀྱི་ སྙན་ཞུ་ཕུལ་ཡི།
དེ་སྦེ་ གྲོས་བསྟུན་འབད་བའི་ཤུལ་ལས་ འཐུས་མི་ཚུ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ད་ཚུན་ ཕྱག་ལཱ་ཚུ་ བརྩོན་ཤུགས་བསྐྱེད་དེ་ ཕྱག་ཞུ་གནང་མི་ལུ་ ངལ་རངས་ཀྱི་ ལེགས་བསྟོད་གནང་ནུག།
ཨིན་རུང་ འཐུས་མི་ཚུ་གིས་ ངན་ལྷད་ཀྱི་ གནས་ཚད་ཡར་སེང་འགྱོ་མི་དང་ རྩོད་གཞི་སེལ་མ་ཚུགས་པའི་ གྱངས་ཁ་མཐོ་ཤོས་ དེ་ལས་ རྩོད་གཞི་སེལ་ཐབས་ལུ་ མ་མཐུནམ་དང་ སྐྱིན་འགྲུལ་ཞུ་མི་དང་ ལོག་བཏབ་མི་ཚུ་གི་བར་ན་ ཁྱད་པར་སྦོམ་ཡོད་མི་ལུ་ ཚ་གྱས་ཡོད་ལུགས་ཚུ་ བཤད་ཡོདཔ་མ་ཚད་ ངན་ལྷད་ཀྱི་རྩ་བ་དེ་ར་ བསལ་ནིའི་དོན་ལས་ གནས་སྐབས་དང་ ཐབས་ཤེས་ཚུ་ ཧེང་སྐལ་ར་ སྒྲིང་སྒྲི་སྦེ་ གཏོན་དགོ་པའི་ གྲོས་འདེབས་ཡང་ཕུལ་ཡི།
དེ་གི་ལན་ལུ་ ཚོགས་ཆུང་གིས་ གདོང་ལན་ཚུ་གི་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཤེས་རྟོགས་ཡོད་རུང་ མི་སྟོབས་མ་ལང་པའི་ དཀའ་ངལ་དང་ འཆར་དངུལ་མ་ལང་པའི་དཀའ་ངལ་ དེ་ལས་ འཕྲུལ་རིག་གི་ རྒྱབ་སྐྱོར་ཚུ་ ལངམ་སྦེ་མེད་མི་ལུ་བརྟེན་ཏེ་ ཕན་ནུས་ཅན་སྦེ་ ཕྱག་ཞུ་མ་ཚུགས་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གནད་དོན་དེ་ཚུ་ བསལ་ཐབས་ལུ་ ཐབས་ཤེས་ཚུ་ཡང་ སྒྲིག་དང་སྒྲིག་བཞིན་དུ་ཡོདཔ་ཨིན་མས།
ཚོགས་ཁང་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་ལྟར་སྙན་ཞུ་དེ་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ བསྐྱར་ཞིབ་འབད་དེ་ གནམ་དགུན་གྱི་ ཚོགས་ཐེངས་ནང་ སྙན་ཞུ་ཕུལ་བའི་སྐབས་ལུ་ དེ་ལུགས་ཀྱི་སྙན་ཞུ་ཡང་ ཕུལ་དགོ་པའི་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།




Users Today : 2229
Users Yesterday : 3320
This Month : 92673
This Year : 388639
Total Users : 1100455
Views Today : 3492
Total views : 3074552
Who's Online : 13