
སྤྱི་ཟླ་ ༥ པའི་ཚེས་ ༢༨ ལུ་ མི་རྗེ་བློན་ཆེན་དང་ ནུས་ཤུགས་དང་ རང་བཞིན་འཐོན་སྐྱེད་བློན་པོ་ དེ་ལས་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་བློན་པོ་ཚུ་གིས་ འདས་པའི་ཚོགས་ཐེངས་དང་པ་དང་ ཚོགས་ཐེངས་ ༢ པའི་ གྲོས་ཆོད་ཚུ་གུ་ དང་ལེན་སྙན་ཞུ་ཚུ་ཕུལ་ཡི།
དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ བརྟག་ཞིབ་རིམ་ལུགས་ མེགཛ་དང་ དབང་མནོན་གོ་གནས་ དེ་ལས་ འབྲུག་གི་ཁག་འབགཔ་དང་ བཀྲམ་སྤེལ་བ་ཚུ་ལུ་ གདོང་ལན་བྱུང་དོ་ཡོད་མི་དང་ སྒེར་གྱི་ས་ཁོངས་ནང་ཡོད་མི་ གློག་མེ་ཀཝ་དང་ གློག་ཐག་བཀྲམ་སྤེལ་འབད་མི་ཚུ་གིས་ བྱ་སྟབས་མ་བདེཝ་ཡོད་པའི་སྐོར་ལས་ གསལ་ཞུ་ཕུལ་ཡོདཔ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས།
མི་རྗེ་བློན་ཆེན་གྱིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ གནས་རིམ་དང་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ཏེ་ ཞི་གཡོག་ལྷན་ཚོགས་ཀྱི་ འགན་ཁུར་དེ་ ཞི་གཡོགཔ་ཚུ་ འཇོན་ཐངས་ཅན་དང་ ཁྱད་རིག་ཅན་སྦེ་ བཟོ་ནི་གི་ དམིགས་ཡུལ་ཨིན་པའི་སྐོར་ལས་ཞུ་ཡི།
དེ་སྦེ་ གསལ་བཤད་ཞུ་སྟེ་ གྲོས་བསྡུར་གནང་པའི་ཤུལ་ལས་ རྒྱལ་ཡོངས་ཚོགས་འདུ་གིས ཞི་གཡོག་ལེགས་སྒྱུར་འབད་ནིའི་དོན་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ད་ཚུན་ ཕྱག་ལཱ་ཚུ་ བརྩོན་ཤུགས་བསྐྱེད་དེ་ གནང་མི་དེ་ལུ་ ངལ་རངས་ཀྱི་ ལེགས་བསྟོད་དང་བཅས་ ཟླཝ་ ༦ གི་ ནང་འཁོད་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ རྗེས་འདེད་ཞིབ་བལྟས་འབད་ནིའི་དོན་ལུ་ དུས་ཡུན་ཐུང་སུ་ཅིག་ལས་ མེད་ནི་དེ་གིས་ ད་ལས་ཕར་ ཚོགས་འདུའི་གྲོས་ཆོད་དང་འཁྲིལ་ཏེ་ ཐག་གཅད་ཀྱི་ སྙན་ཞུ་ཕུལ་ནིའི་དོན་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ ལོ་ངོ་ ༡ གི་ དུས་ཚོད་བྱིན་ནི་སྦེ་ གྲོས་ཐག་བཅད་ཡོདཔ་བཞིན་དུ་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ སྙན་ཞུ་འདི་གི་ རྗེས་འདེད་འབད་དེ་ ཡང་བསྐྱར་གནམ་བྱཱར་གྱི་ ཚོགས་ཐེངས་ ༥ པའི་ནང་ སྙན་ཞུ་ཕུལ་དགོཔ་སྦེ་ ཐུགས་ཐག་བཅད་གནང་ནུག།
མཁོ་སྒྲུབ་བཅའ་ཡིག་དང་ སྒྲིག་གཞི་ལམ་ལུགས་ལུ་ དང་ལེན་སྙན་ཞུ།
ལམ་གོང་ཝང་ཅང་ འདེམས་ཁོངས་འཐུས་མི་གིས་ གྲོས་འདེབས་ཕུལ་མི་དང་ སྤྱི་ཚོགས་ ༤ པའི་ ཚོགས་ཐེངས་ ༢ པའི་ནང་ གྲོས་འདེབས་ ༡༠ ཆ་འཇོག་གྲུབ་མི་དེ་ དངུལ་རྩིས་བློན་པོའི་ ངོ་ཚབ་སྦེ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་བློན་པོ་གིས་ མཁོ་སྒྲུབ་བཅའ་ཡིག་དང་ སྒྲིག་གཞི་ལམ་ལུགས་ ༢༠༢༣ ཅན་མ་དང་ ཚད་ལྡན་རིན་བསྡུར་ཡིག་ཆ་ ༢༠༢༣ ཅན་མར་ གདོང་ལན་བྱུང་ཡོད་པའི་ དང་ལེན་སྙན་ཞུ་ཕུལ་ཡི།
མཁོ་སྒྲུབ་བསྐྱར་ཞིབ་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༩ པའི་ནང་ལས་ འགོ་བཙུགས་ཡོདཔ་ད་ དེ་ཡང་ ལྷན་ཁག་དང་ རྫོང་ཁག་ ཁྲོམ་སྡེ་ ལྟ་རྟོག་ལས་སྡེ་ དེ་ལས་ འབྲུག་བཟོ་སྐྲུན་ཚོགས་སྡེ་ཚུ་རྩིས་ཏེ་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་མཐིལ་ཕྱིན་འབད་དེ་ འགོ་བཙུགས་ཡོདཔ་ཨིན་པས།
བསྐྱར་ཞིབ་ཀྱི་དོན་ལུ ལས་ཁུངས་སྣ་ཚོགས་ཀྱི་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཡོདཔ་ལས་ སྒྲིག་གཞི་དེ་ཚུ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༧ པའི་ནང་ ལག་ལེན་འཐབ་ནི་གི་ འཆར་གཞི་ཡོད་པའི་ སྙན་ཞུ་ཕུལ་ཡི།
ཚོགས་ཁང་གིས དང་ལེན་སྙན་ཞུ་འདི་ལུ་ ངོས་ལེན་འབད་དེ་ ལྷན་ཁག་གིས་ ཚོགས་ཐེངས་འདི་ནང་ གྲོས་འདེབས་ཕུལ་མི་ཚུ་ ལྷག་པར་དུ་ བལྟདགོཔ་སྦེ་ ཐུགས་ཐག་བཅད་གནང་ནུག།
མི་སེར་གྱི་ ས་ཆ་ཚུ་ནང་ གློག་མེ་ཀཝ་དང་ གློག་ཐག་ཚུ་གི་དཀའ་ངལ།
མི་སེར་གྱི་ ས་ཆ་ཚུ་ནང་ཚུད་མི་ གློག་མེ་ཀཝ་དང་ གློག་ཐག་ལུ་བརྟེན་ཏེ་ བྱ་སྟབས་མ་བདེཝ་ཡོད་པའི དང་ལེན་སྙན་ཞུ་དེ་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་གིས་ ཕུལ་ཡོདཔ་ད་ དེ་བཟུམ་མའི་ གདོང་ལན་གཙོ་བོ་ཚུ་ཡང་ སྤོ་བཤུད་ཀྱི་ འགྲོ་སོང་མཐོ་དྲགས་ (རྒྱུན་ལམ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༡༥,༡༣༣ དང་ བཀྲམ་སྤེལ་ལམ་ལུགས་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༧,༢༠༤) དང་། སྤོ་བཤུད་འབད་བའི་སྐབས་ལུ་ གློག་མེ་དུས་ཚོད་ཁར་ མ་ཐོབ་པའི་དཀའ་ངལ། ལག་ལེན་འཐབ་ནིའི་དོན་ལུ་ ཁྲིམས་མཐུན་གྱི་ ཆོག་ཐམ་དང་ ཐོན་ཁུངས་གལ་ཅན་ཚུ་དགོ་པའི་ གསལ་བཤད་ཞུ་ཡི།
དེ་མ་ཚད་ བློན་པོ་གིས་ ཐབས་ལམ་ཚུ་ གསལ་བཀོད་འབད་མི་ཚུ་ཡང་ བརྟག་ཞིབ་རག་ཙམ་འབད་ནིའི་ནང་ ཕན་གནོད་དང་། རྒྱུན་ལམ་སྤོ་བཤུད་ཀྱི་ འགྲོ་སོང་དང་ འོས་འབབ་བསྐྱར་ཞིབ། གནོད་སྐྱོན་བྱུང་མི་ཚུ་ལུ་ ས་ཚབ་སྤྲོད་ནི་གི་ ཐབས་ལམ་གཏོན་ནི། ལམ་གྱི་ཐོབ་དབང་གི་ སྒྲིག་གཞི་གསརཔ་བཟོ་ནི། མཐའ་དཔྱད་གྲོས་འཆར་ཚུ་དང་གཅིག་ཁར་ བརྟག་ཞིབ་ཚུ་གི་ གྲོས་འདེབས་ཕུལ་ནི་ཚུ་ཨིན་པས།
ཨིན་རུང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ དང་ལེན་སྙན་ཞུ་འདི་གིས་ མི་སེར་ཚུ་གིས་ རེ་བ་བསྐྱེད་དོ་བཟུམ་སྦེ་ དཀའ་ངལ་ཚུ་ བསལ་མ་ཚུགས་པའི་ཁར་ བསམ་པ་རྫོགས་ཏོག་ཏོ་ཅིག་ཡང་མེདཔ་ལས་ དང་ལེན་སྙན་ཞུ་འདི་ བསྟར་སྤྱོད་ཚུལ་མཐུན་སྦེ་ མ་མཛདམ་མ་ཚད་ སྙན་ཞུ་དེ་ཡང་ ཁ་གསལ་དང་ དྭངས་གསལ་སྦེ་ མ་ཕུལ་མི་ལུ་བརྟེན་ཏེ་ འཐུས་མི་ཚུ་གིས་ འགན་འཁྲི་ཅན་སྦེ་ འབྱུང་ཐབས་ལུ་ གཙོ་བོར་བཏོན་དགོཔ་དང་ གནད་དོན་འདི་གི་སྐོར་ལས་ གྲོས་བསྟུན་མ་འབད་བར་ རྒུད་འཐུས་བྱིན་ནི་དང་ ཡང་ན་ ཐབས་ལམ་གཞན་ཚུ་ བཏོན་དགོ་པའི་ དུས་ཚོད་རན་ཡོད་པའི་ དྲན་གསོ་ཕུལ་ཡི།
ཚོགས་ཁང་གིས་ དང་ལེན་སྙན་ཞུ་འདི་ མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གིས་ འགོ་འདྲེན་ཐོག་ལས་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་དང་གཅིག་ཁར་ འབྲེལ་གཏུག་འབད་དེ་ དེ་ལུགས་ཀྱི་ སྙན་ཞུ་ངེས་ཏིག་ཅིག་ གནམ་དགུན་གྱི་ ཚོགས་ཐེངས་ ༤ པའི་ནང་ སྙན་ཞུ་ཕུལ་དགོཔ་སྦེ་ ཐུགས་ཐག་བཅད་གནང་ཡོད་པའི་གནས་ཚུལ།




Users Today : 89
Users Yesterday : 1457
This Month : 16706
This Year : 152395
Total Users : 864211
Views Today : 115
Total views : 2544301
Who's Online : 9