གཞུང་གིས་ མཁའ་ཐོག་མཐུད་སྦྲེལ་གྱི་དོན་ལུ་ ཐབས་ལམ་གསརཔ་གི་འོས་འབབ།

པདྨ་དབང་འདུས།
ད་རེས་ འཚོགས་གནང་པའི་བསྒང་ཡོད་མི་ རྒྱལ་ཡོངས་ཚོགས་འདུའི་ནང་ དྲི་བཀོད་ལས་རིམ་ཚུ་ འགོ་འདྲེན་འཐབ་མིའི་ནང་གསེས་ལས་ དྲི་བཀོད་ལས་རིམ་ཅིག་ ནང་འཁོད་གནམ་ཐང་ཚུ་ གཞི་བཙུགས་ཀྱི་སྐོར་ལས་ཨིན་པས།
དེ་བསྒང་ ལྡོག་ཕྱོགས་འགོ་ཁྲིདཔ་ དྲག་ཤོས་པདྨ་ཚེ་དབང་གིས་ མཁའ་ཐོག་མཐུད་སྦྲེལ་གྱི་ ཐབས་ལམ་ཅིག་ ནང་འཁོད་གནམ་ཐང་ཚུ་ བཟོ་བསྐྲུན་འབད་ནི་ལས་ གནམ་གྲུ་ཧེ་ལི་ཀོབ་ཊར་ཚུ་ མཁོ་སྒྲུབ་འབད་བ་ཅིན་ དམིགས་བསལ་གྱིས་ འབྲུག་གི་བལྟ་བཤལ་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས་ཟེར་ ཞུ་ཡོདཔ་དང་ མི་རྗེ་བློན་ཆེན་གྱི་ཧོངས་ལས་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་ལུ་ འབྲུག་ལུ་ ཧེ་ལི་ཀོབ་ཊར་སྦོམ་ཚུ་ བསྐྱལ་ནི་གི་འོས་འབབ་ ཞིབ་འཇུག་འབད་དགོ་པའི་ བཀོད་རྒྱ་གནང་སྟེ་ཡོད་ཟེར་ཨིན་པས།
ཧེ་ལི་བྷུ་ཊཱན་ལས་སྡེ་གི་ འགོ་དཔོན་ཅིག་གིས་བཤད་མི་ནང་ ལྡོག་ཕྱོགས་ཀྱི་གྲོས་དོན་དེ་ ལེགས་ཤོམ་ཨིན་པས་ཟེར་བཤད་ནི་དང་གཅིག་ཁར་ དོ་འགྲན་ཚུ་གི་སྐོར་ལས་ཡང་ བཤད་ཡོདཔ་ཨིན་པས། བལྟ་བཤལ་ལག་ལེན་འཐབ་མི་ཚུ་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ ཤར་ཕྱོགས་ལུ་ གནམ་གྲུ་ཐང་གི་ས་གོ་ཚུ་ ངོས་འཛིན་གནང་མ་ཚུགས་པར་ཡོདཔ་ལས་ ཡོན་ཕུ་ལ་གནམ་གྲུ་ཐང་ རྒྱ་སྐྱེད་གཏང་དགོཔ་ གལ་ཆེ་ལུགས་ཚུ་ བཤད་དོ་ཡོདཔ་ཨིན་པས།
གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་གི་བློན་པོ་གིས་འབད་བ་ཅིན་ ཡོན་ཕུ་ལ་གནམ་གྲུ་ཐང་རྒྱ་སྐྱེད་དེ་ བསྐྱར་ཞིབ་ཐོག་ལུ་ཡོད་ཟེར་གསུངས་ནུག། ཡོན་ཕུ་ལ་གནམ་གྲུ་ཐང་དེ་ རྒྱལ་ཡོངས་མཁའ་འགྲུལ་དང་ མཐུད་སྦྲེལ་འབད་ནི་གི་དོན་ལུ་ ཁག་ཆེཝ་མ་ཚད་ རྒྱལ་ཁབ་ནང་ལུ་ བལྟ་བཤལ་འདྲ་མཉམ་གོང་འཕེལ་ལུ་ཡང་ ཁག་ཆེ་ཟེར་ཨིན་པས། ད་རེས་ བསམ་རྩེ་དང་ ལུང་ན་ན་ སྒང་སྟོད་ མོང་སྒར་ལ་སོགས་པའི་ ས་གོ་དག་པ་ཅིག་ནང་་རྐྱངམ་གཅིག་ ཧེ་ལི་ཀོབ་ཊར་ཆགས་སའི་ས་གོ་ཚུ་ ངོས་འཛིན་འབད་དེ་ཡོདཔ་དང་ རྫོང་ཁག་དང་གཡུས་སྒོ་གཞན་ཚུ་ནང་ ས་གོ་ངོས་འཛིན་མ་འབད་བར་ཡོདཔ་ལས་ ཧེ་ལི་ཀོབ་ཊར་གྱི་ཞབས་ཏོག་ཕུལ་ནི་ལུ་ དོ་འགྲན་འབྱུང་དོ་ཡོདཔ་ཨིན་པས།
ད་རེས་ ཧི་ལི་བྷུ་ཊཱན་གྱིས་ ནདཔ་སྐྱེལ་འདྲེན་དང་ ས་ཆ་བལྟ་སྐོར་ འཚོལ་ཞིབ་དང་སྲོག་སྐྱབས་ཚུ་གི་དོན་ལུ་ ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་ཚུ་སྤྲོད་དོ་ཡོད་པའི་གནས་ཚུལ།

Please follow and like us: