ལྷོ་ཀོ་རི་ཡའི་ སྲིད་འཛིན་གསརཔ་གིས་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ བཟོ་སྒྲིག་འབད་མི་ དཀའ་ངལ་བསལ་ཐབས།

བི་བི་སི།
ལྷོ་ཀོ་རི་ཡའི་ སྲིད་འཛིན་གསརཔ་ ལི་ཇཱེ་མི་ཡུང་གིས་ སྲིད་འཛིན་གྱི་ བཙག་འཐུའི་ནང་ལས་ ཚད་ལས་བརྒལ་བའི་ ཚོགས་རྒྱན་ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོད་རུང་ དགའ་སྤྲོའི་ངང་ལུ་ ཉིནམ་ ༡ ཡང་ བཞུགས་ནི་གི་ དུས་ཚོད་མེདཔ་ཨིན་པས།
དེ་ཡང་ སྲིད་འཛིན་གསརཔ་ཚུ་ལུ་ ཁོང་རའི་གཞུང་སྐྱོང་སྡེ་ཚན་ བསྡུ་སྒྲིག་འབད་ནི་དང་ རྒྱལ་ཁབ་ཀྱི་དོན་ལུ་ མ་འོངས་པའི་ འཆར་སྣང་ཚུ་ བརྩམ་ནི་ལུ་ ཐོབ་སྲོལ་ཡོད་མི་ ཟླ་ངོ་ ༢ ཀྱི་ དུས་ཡུན་དེ་ ད་རེས་ཀྱི་ སྲིད་འཛིན་གསརཔ་ལུ་ མི་འཐོབ་ནི་ཨིནམ་སྦེ་བཀོད་ནུག།
དེ་སྦེ་ དུས་ཚོད་མ་ཐོབ་མི་དེ་ ཧེ་མའི་སྲིད་འཛིན་གྱིས་ རྒྱལ་ཁབ་དེ་ དྲག་པོའི་སྲིད་གཞུང་འོག་ལུ་ བཙུགས་ཐབས་འབད་མི་ལུ་བརྟེན་ཏེ་ ཕྱིར་དབྱུངས་འབད་མིའི་ཚབ་ལུ་ ཧེ་མར་ ལྡོག་ཕྱོགས་འགོ་ཁྲིདཔ་ཨིན་མི་ ད་རེས་ཀྱི་ སྲིད་འཛིན་དེ་གིས་ དེ་འཕྲལ་ལས་ གཞུང་སྐྱོང་གི་ འགན་ཁུར་འབག་དགོཔ་ ཐོན་ནི་དེ་གིས་ཨིན་པས།
རྒྱལ་ཁབ་དེ་ནང་ ཧེ་མའི་སྲིད་འཛིན་གྱི་ བྱ་སྤྱོད་ལུ་བརྟེན་ཏེ་ ཟླ་ངོ་ ༦ གི་རིང་ལུ་ བྱ་སྟབས་མ་བདེཝ་ཚུ་ ཐོན་པའི་ཤུལ་ལས་ ལི་གི་ཁ་ཐུག་ལས་ ལྷོ་ཀོ་རི་ཡའི་ དམགས་གཙོའི་རིང་ལུགས་ བཙན་ཐབས་འབད་དེ་ རྒྱལ་ཁབ་གཅིག་སྒྲིལ་ཅན་ བཟོ་ནི་གི་ སྐུལ་བསྒྲགས་འབད་ནུག།
ཨིན་རུང་ གནས་སྐབས་ཅིག་ སྲིད་འཛིན་གསརཔ་དེ་གིས་ སྐུལ་བསྒྲགས་ཀྱི་ གནད་དོན་ཚུ་ ཕར་འགྱངས་ཐོག་ལས་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ བཟོ་སྒྲིག་འབད་ཡོད་མི་ དཀལ་ངལ་ཚུ་ བསལ་དགོཔ་འཐོན་ནི་ཨིན་པས།
སྲིད་འཛིན་ཊཱམ་གྱིས་ དུས་ཅི་ སྤྱི་ཟླ་ ༤ པའི་ནང་ ལྷོ་ཀོ་རི་ཡ་ལས་ ཡུ་ཨེཛ་ལུ་ ནང་འདྲེན་འབད་མི་ ལྕགས་རིགས་དང་ སྣུམ་འཁོར་ཚུ་གིས་གཙོས་པའི་ ཅ་ཆས་ཚུ་ལུ་ ཁྲལ་ཚད་བརྒྱ་ཆ་ ༢༥ རེ་ བཀལ་མི་དེ་ལུ་ ལྷོ་ཀོ་རི་ཡའི་ མི་སེར་ཚུ་ མ་དགའ་བར་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: