
མགོན་པོ་རྡོ་རྗེ།
སྤྱི་ཟླ་ ༦ པའི་ཚེས་ ༡༡ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེའི་ཞབས་ལས་ སྟོན་པའི་དུས་ཆེན་ལྔ་འཛོམས་ བརྩི་སྲུང་དང་འབྲེལ་ཏེ་ ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ བླ་མ་ཚེ་རིང་དབང་འདུས་རིན་པོ་ཆེ་ལུ་ ངོས་ལེན་དང་ གཟེངས་བསྟོད་ཀྱི་ བཀའ་ཐམ་གནངམ་དང་གཅིག་ཁར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ རྡོར་གདན་བཀྲིས་སྒོ་མང་མཆོད་རྟེན་ གསར་བཞེངས་ལས་འགུལ་གྱི་ ཁྲི་འཛིན་སྦེ་ བཀྲིས་ལེགས་དར་གནང་ཡི།
དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ དགེ་ལེགས་ཕུག་ རང་སྐྱོང་ལུང་ཕྱོགས་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ལས་འགུལ་ཆ་ཤས་ སྐྱབས་རྗེ་རིན་པོ་ཆེའི་ ཐུགས་དགོངས་ལྟར་དུ་ བཞེངས་གནང་ནི་ཨིན་མི་ རྡོར་གདན་བཀྲིས་སྒོ་མང་མཆོད་རྟེན་ གསར་བཞེངས་ལས་འགུལ་གྱི་ འགན་ཁུར་ཡང་ བླམ་རིན་པོ་ཆེ་གིས་ བསྣམས་ཡོདཔ་ཨིན་པས།
སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ བླམ་ཚེ་རིང་དབང་འདུས་རིན་པོ་ཆེ་ལུ་ ངོས་ལེན་དང་ གཟེངས་བསྟོད་ཀྱི་ ཕྱག་བྲིས་གནང་མིའི་ནང་ བླམ་ཚེ་རིང་དབང་འདུས་དེ་ ཕྱི་ལྟར་དུ་ ནང་པ་སངས་རྒྱས་པའི་ ཆོསཔ་ཉམ་ཆུང་ཅིག་གི་ཚུལ་ལུ་ མཇལ་ཏེ་འབད་རུང་ ཁོ་གིས་ དད་དམ་ལྷད་མེད་ཀྱི་སྒོ་ལས་ འབྲུག་རྒྱལ་བརྒྱུད་རྒྱལ་ཁབ་དང་ སངས་རྒྱས་ཀྱི་ བསྟན་པ་རིན་པོ་ཆེ་ལུ་ ཁྱད་དུ་འཕགས་པའི་ ཞབས་ཏོག་སྒྲུབ་བཞིན་དུ་ཡོད་ཟེར་ བཀོད་གནང་ནུག།
དེ་སྦེ་ གནང་མི་དེ་ཡང་ བླམ་རིན་པོ་ཆེ་གིས་ བསྟན་པའི་ཞབས་ཏོག་ཚུ་ གང་དྲག་སྦེ་ ཞུ་ཡོད་པའི་ནང་ལས་ འབྲུག་གི་རྒྱལ་ས་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ དད་ཅན་སྐྱེ་བོ་ཕོ་མོ་ཚུ་ ཚོགས་བསགས་སྒྲིབ་སྦྱང་གི་ ཞིང་མཆོག་ཁྱད་དུ་འཕགས་པ་ སྟོན་པ་རྡོར་གདན་མའི་ སྣང་བརྙན་བྱིན་ཅན་ཅིག་ བཞེངས་གནང་མི་འདི་ བསྒྲུབས་ཚར་བའི་ཤུལ་ལས་ དཔལ་ལྡན་འབྲུག་པའི་ཆོས་སྡེ་ལྟེ་བ་ གཞུང་གྲྭ་ཚང་ལུ་ རྩིས་ཕུལ་ཡི་ཟེར་ཨིན་པས།
དེ་མ་ཚད་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ སྐུ་སྒེར་ལས་འཛིན་ནང་ བླམ་རིན་པོ་ཆེ་ལུ་ ཐུགས་གཏད་དང་ ཡིད་ཆེས་ཧྲིལ་བུར་ཡོདཔ་ལས་ རྡོར་གདན་བཀྲིས་སྒོ་མང་མཆོད་རྟེན་ གསར་བཞེངས་ཀྱི་ འགན་ཁུར་ཡོངས་རྫོགས་ བླམ་མཆོག་ལུ་ བཀལཝ་ཨིན་ཟེར་ བཀོད་གནང་ནུག།
དེ་བཟུམ་མའི་ གལ་གནད་ཆེ་བའི་ ལས་འགུལ་དེ་ཡང་ རྒྱལ་ཁམས་ཀྱི་ དཔལ་འབྱོར་གོང་འཕེལ་ལྟེ་བ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བཞེངས་ནི་ཨིནམ་ད་ ལས་འགུལ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་དགོངས་དང་འཁྲིལ་ཏེ་ ལག་ལེན་འཐབ་ནི་ཨིན་པས།
རྒྱབ་སྣོན་བཀའ་ཐམ་འདི་ལུ་ མི་མང་ག་ར་གིས་ བློ་གཏད་ཚུགས་ནི་ཨིནམ་ད་ དེ་ཡང་ རང་ལུགས་ཤིང་སྦྲུལ་ས་ག་ཟླ་བའི་ཚེས་ ༡༥ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༦ པའི་ཚེས་ ༡༡ ལུ་ སྐྱབས་རྗེ་མཁན་ཆེན་ཁྲི་རབས་ ༧༠ པ་གིས་ བཀྲིས་ཆོས་རྫོང་ནང་ལས་ སྤེལ་གནངམ་ཨིན་ཟེར་ བཀོད་གནང་འདུག་པའི་གནས་ཚུལ།





Users Today : 177
Users Yesterday : 1507
This Month : 15337
This Year : 151026
Total Users : 862842
Views Today : 233
Total views : 2529513
Who's Online : 8