
པདྨ་དབང་འདུས།
སྤྱི་ཟླ་ ༦ པའི་ཚེས་ ༡༡ ལུ་ འབྲུག་གི་ཁྲིམས་སྤྱི་བློན་པོ་ ཆོས་རྒྱལ་དར་མགོ་རིག་འཛིན་གྱི་ ལོ་ངོ་ ༥ གི་ གནས་ཡུན་དེ་ ཁྲིམས་དོན་གསར་བཏོད་དང་ གཞི་སྒྱུར་གྱི་ཐོག་ལས་ མཐར་འཁྱོལ་ཅན་སྦེ་ མཇུག་བསྡུ་ནུག།
དེ་ཡང་ འབྲུག་གི་དྲང་ཁྲིམས་ལྷན་སྡེ་ལས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མི་རྗེ་ཁྲིམས་སྤྱི་བློན་པོ་གིས་ ཕུགས་གཟིགས་ཅན་གྱི་ དབུ་ཁྲིད་དང་ ཡར་འཕེལ་ཅན་གྱི་ ཁྲིམས་དོན་གཞི་སྒྱུར་ དེ་ལས་ རྩ་ཁྲིམས་ཆེན་མོ་དང་ དྲང་ཁྲིམས་རིང་ལུགས་ལུ་ འགྱུར་ལྡོག་མེད་པའི་ ཁས་ལེན་ཐོག་ལས་ ཁྲིམས་སྤྱི་བློན་པོའི་གནས་ཡུན་ ལོ་ངོ་ ༥ པོ་དེ་ མཇུག་བསྡུ་ཡི་ཟེར་ཨིན་པས།
ཁྲིམས་སྤྱི་བློན་པོ་གིས་ སྤྱི་ལོ་ ༡༩༩༠ ལས་ ཞི་གཡོག་ནང་ འཛུལ་ཞུགས་མཛད་དེ་ ལོ་ངོ་ ༣༠ གི་རིང་ལུ་ ཕྱག་ཕྱིད་ཞུ་བའི་ཤུལ་ལས་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༦ པའི་ཚེས་ ༡༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གསེར་ཁྲི་རྩ་བ་ལས་ འབྲུག་གི་ཁྲིམས་སྤྱི་བློན་པོའི་ གོ་གནསཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
དུས་དེ་ལས་ཚུར་ ད་ཚུན་གྱི་བར་ན་ དྲང་ཁྲིམས་ཞལ་འཛོམས་ཁག་ ༡༤༣ ལྷགཔ་ཅིག་གི་ ཁྲི་འཛིན་མཛད་པའི་ཁར་ རྩོད་བཤེར་ཚུ་གི་ནང་ཡང་ གྲལ་གཏོགས་མཛད་དེ་ འབྲུག་གི་ཁྲིམས་དོན་གནས་སྟངས་ལུ་ མིག་དཔེར་རུང་བའི་ དྲང་ཁྲིམས་དང་ དྲང་བདེན་གྱི་ གཞི་རྩ་ཚུ་ བཙན་ཐབས་བྱུང་ཡོདཔ་སྦེ་ཨིན་པས།
ཁྲིམས་སྤྱི་བློན་པོ་གིས་ གནས་ཡུན་དེ་ནང་ གལ་གནད་ཆེ་བའི་ གཞི་སྒྱུར་དང་ གསར་བཏོད་ཚུ་གི་གྲས་ལས་ སྤྱི་ལོ་ ༢༠༢༡ ལུ་ དྲང་ཁྲིམས་ཀྱི་ ཐབས་བྱུས་འཆར་གཞི་ ༢༠༢༢-༢༠༢༣ ཅན་མ་དང་ བརྡ་བརྒྱུད་དང་ བརྒྱུད་འབྲེལ་ལས་ཕྲན་ དེ་ལས་ ཉོག་སེལ་ལས་ཕྲན་ཚུ་ གསར་བཙུགས་མཛད་དེ་ བརྡ་དོན་ཁྱབ་སྤེལ་དང་ རྩོད་བཤེར་ཕྱེ་མི་ཚུ་གིས་ རང་སོའི་བསམ་འཆར་ བཀོད་དོན་ཚུ་དང་འབྲེལ་བའི་ ངོས་ལེན་དང་ ལེགས་སྒྱུར་འཕྲོ་མཐུད་ཀྱི་ ལམ་སྲོལ་ཚུ་ཡང་ གཞི་བཙུགས་གནང་ནུག།
དེ་ལས་ གཞན་ཡང་ མི་རྗེ་ཁྲིམས་སྤྱི་བློན་པོ་གིས་ ཤོ་མཚུངས་རྩ་ཕན་དང་ རྒྱུ་དངོས་ཚུ་གི་ རྩོད་བཤེར་ཚུ་ མཇུག་སྡོམ་འཕྲལ་མགྱོགས་འབད་ཐབས་ལུ་ དུས་འཛིན་རྩོད་བཤེར་སྦེ་ བཀོད་སྒྲིག་གནང་ཡོད་པ་མ་ཚད་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་ལུ་ བསྟར་སྤྱོད་ལས་ཕྲན་ཅིག་ཡང་ གཞི་བཙུགས་གནང་ནི་དེ་གིས་ དྲང་ཁྲིམས་ཀྱི་ དོན་སྨིན་ལུ་ ཡར་དྲག་ཐོན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཉོག་སེལ་དང་ སྒེར་མིའི་སྐྱིན་འགྲུལ་ བཙོན་ཁྲིམས་ ཁེ་ཕན་ལྟག་སྤྲོད་ ཨ་ལོའི་གསོ་འཐུས་ ལཱ་ཁོངས་ནང་གི་ བསུན་འཚེར་བཀག་ཐབས་ ཁྲིམས་འདུན་གྱི་ བཀའ་འགལ་ལ་སོགས་པ་ཚུ་དང་འབྲེལ་བའི་ ལམ་སྟོན་དང་ ལག་ལེན་གྱི་ བྱ་སྒོ་ཚུ་ཡང་ བཟོ་སྒྲིག་མཛད་དེ་ འགན་འཁྲི་དང་ ཞབས་ཏོག་སྤྲོད་ནི་ཚུ་ ཡར་དྲག་དང་ བཙན་ཐབས་མཛད་གནང་ནུག།
དེ་གི་ནང་ལས་ཡང་ སྤྱི་ལོ་ ༢༠༢༤ ལུ་ རྒྱ་འབྲུག་ ༢ ཀྱི་ མངོན་མཐོ་ཁྲིམས་ཁང་གི་བར་ན་ གོ་དོན་ཆིངས་ཡིག་ཅིག་ བཟོ་གནང་སྟེ་ ཟུང་ཕྱོགས་ཁྲིམས་དོན་མཉམ་འབྲེལ བཙན་ཐབས་ཐོག་ལས་ ཕན་ཚུན་ཤེས་ཡོན་ ཡར་དྲག་བཏང་གནང་མི་དེ་ འབྱུང་རབས་ཅན་གྱི་ མཛད་བྱ་ཅིག་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1390751
Views Today :
Total views : 5000
Who's Online :