ཨིཛ་རེལ་གྱིས་ ཨི་རཱན་ལུ་ གནོད་འཚུབ་བཀལ་བའི་ཤུལ་ལས་ འཛམ་གླིང་ནང་ ས་སྣུམ་གྱི་ གོང་ཚད་ཡར་སེང་།

བི་བི་སི།
ཨིཛ་རེལ་གྱིས་ ཨི་རཱན་ལུ་ གནོད་འཚུབ་བཀལ་ཡོདཔ་སྦེ་ བཤད་པའི་ཤུལ་ལས་ རྒྱལ་སྤྱིའི་གནས་རིམ་ནང་ ས་སྣུམ་གྱི་ གོང་ཚད་མཐོ་དྲགས་སྦེ་ར་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ ཞུན་དག་མ་འབད་མི་ ས་སྣུམ་ལུ་ བརྒྱ་ཆ་ ༡༠ ལྷགཔ་ཅིག་གིས་ ཡར་སེང་འགྱོ་མི་དེ་ སྤྱི་ཟླ་ ༡ པ་ལས་ ད་ཚུན་གྱི་བར་ན་ ཡར་སེང་མཐོ་ཤོས་ཨིན་པས།
ཚོང་འབྲེལ་འཐབ་མི་ཚུ་ལུ་ ཨི་རཱན་དང་ ཨིཛ་རེལ་རྒྱལ་ཁབ་ ༢ ས་སྣུམ་དང་འབྲེལ་བའི་ ནུས་ཤུགས་ཀྱིས་ཕྱུག་པའི་ རྒྱལ་ཁབ་འབདཝ་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ འཆམ་ཁ་མེདཔ་འགྱོ་བ་ཅིན་ ས་སྣུམ་བཀྲམ་སྤེལ་ལུ་ ཐོ་ཕོག་ནི་ཨིན་པའི་ ཚ་གྱང་ཚུ་བཤད་ནུག།
དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ ཞུན་དག་མ་འབད་མི་ ས་སྣུམ་གྱི་ གོང་ཚད་དེ་ རྒྱ་རྫི་རེ་ལུ་ ཌོ་ལར་ ༧༤.༢༣ དེ་རེ་ གནས་ཡོད་རུང་ ན་ཧིང་གི་ གོང་ཚད་དང་ཕྱདཔ་ད་ བརྒྱ་ཆ་ ༡༠ དེ་ཅིག་གིས་ དམའ་སུ་སྦེ་ གནས་དོ་ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ལོ་ ༢༠༢༢ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ བཙན་འཛུལ་འབད་བའི་སྐབས་ལུ་ ས་སྣུམ་རྒྱ་རྫི་རེ་ལུ་ ཌོ་ལར་ ༡༠༠ ལྷགཔ་རེ་ གནས་ཡོད་མི་དང་ ཕྱདཔ་དང་ཡང་ ལེ་ཤ་གིས་ ཉུང་དོ་ཡོདཔ་སྦེ་བཀོད་ནུག།
དེ་བཟུམ་སྦེ་ སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ ཨེ་ཤི་ཡ་དང་ ཡུ་རོབ་ལུ་ཡང་ བགོ་བཤའི་གནས་གོང་ བརྒྱ་ཆ་ ༠.༩ དང་ ༠.༣༩ དེ་རེ་ མར་བབས་སོང་ཡོདཔ་ད་ ཡུ་ཨེཛ་ལུ་འབད་བ་ཅིན་ བདོག་གཏད་ཚོང་ལམ་ནང་ གནས་གོང་ཚུ་ མར་བབས་སོང་ཡོདཔ་ཨིན་པས།
ཨིན་རུང་ ཉེན་སྲུང་ཅན་གྱི་ རྒྱུ་དངོས་གསེར་དང་ སུ་ཡིད་ཛར་ལེན་གྱི་ ཏི་རུ་ཚུ་གི་ཐེད་ཁར་ ཁེབ་ས་བཟོ་ཚུགས་ཏེ་ཡོདཔ་ལས་ མ་རྩ་གཞི་བཙུགས་འབད་མི་ཚུ་གིས་ ངེས་གསལ་མེད་པའི་ གནས་སྐབས་ནང་ གསེར་དང་ སུ་འིད་ཛར་ལེན་གྱི་ ཏི་རུའི་ཐོག་ལུ་ མ་རྩ་གཞི་བཙུགས་འབད་ནི་དེ་ ཡིད་ཆེས་བརྟན་ནི་ཨིན་པའི་ ཚོར་སྣང་སྐྱེད་དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: