ཨིན་ཌོ་ནེ་ཤི་ཡའི་ རྒྱལ་ཁབ་ནང་ མེ་རི་ཐོན་མི་ལུ་ ཉེན་བརྡ་ཁྱབ་སྤེལ།

བི་བི་སི།
སྤྱི་ཟླ་ ༦ པའི་ཚེས་ ༡༧ ལུ་ ཨིན་ཌོ་ནེ་ཤི་ཡའི་ ལེ་ཝོ་ཏོ་བི་ ལ་ཀི་ལ་ཀི་ཟེར་མི་ སྒང་ཏོག་གུ་ལས་ མེ་རི་ཐོན་པ་ལུ་བརྟེན་ཏེ་ འགོ་དཔོན་ཚུ་གིས་ ཉེན་ཁ་ཚབས་ཆེན་ཡོད་པའི་ ཉེན་བརྡ་ཁྱབ་སྤེལ་འབད་ཡོདཔ་ད་ མེ་རི་ལས་ཐོན་མི་ མེ་ལྕེ་དེ་ ཀི་ལོ་མི་ཊར་ ༡༡ དེ་ཅིག་ གནམ་ཁར་ལོངས་ཡོདཔ་ཨིན་པས།
ཨིན་ཌོ་ནེ་ཤི་ཡའི་ མེ་རི་བརྟག་དཔྱད་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མེ་རི་དེ་ཡང་ ཕྱི་རུའི་ཆུ་ཚོད་ ༥.༣༥ དེ་ཅིག་ལུ་ ཐོན་ཡི་ཟེར་ཨིནམ་ད་ བལྟ་བཤལ་པའི་ བསྐྱོད་ཡུལ་ཨིན་མི་ མཚོ་གླིང་ཕོལ་རེཛ་གུ་ལས་ཕར་ཡང་ མེ་རི་ལུ་བརྟེན་པའི་ དུ་པ་གིས་ གང་ཡོདཔ་སྦེ་བཤད་ནུག།
ད་རེས་ མེ་རི་ཐོན་སའི་ སྒང་ཏོག་མཐའ་འཁོར་ ཀི་ལོ་མི་ཊར་ ༧ གྱི་ ནང་འཁོད་ལུ་ མི་ག་ཡང་ འཛུལ་མ་ཆོགཔ་སྦེ་ བཞག་ཡོདཔ་ད་ མེ་རི་དེ་ལུ་བརྟེན་ཏེ་ གནོད་སྐྱོན་ཚུ་ བྱུང་ཡོད་པའི་ ལོ་རྒྱུས་ག་ནི་ཡང་མེད་རུང་ ན་ཧིང་ སྤྱི་ཟླ་ ༡༡ པའི་ནང་ཡང་ སྒང་ཏོག་དེ་ཁ་ལས་ མེ་རི་ཐོན་ཏེ་ མི་གྲངས་ ༩ ལུ་ ཤི་རྐྱེན་དང་ གཞན་མི་སྟོང་ཕྲག་ལས་བཅད་དེ་ ས་གནས་གཞན་ཁར་ ཟུར་དགོཔ་སྦེ་ ཐོན་ཡོདཔ་ཨིན་པས།
ས་དཔྱད་ལས་སྡེའི་འགོ་འཛིན་ མུ་ཧ་མེད་ཝ་ཕིད་ཀྱིས་ སྒང་ཏོག་དེ་ཁ་ལས་ ཀི་ལོ་མི་ཊར་ ༧ གྱི་ ནང་འཁོད་ལུ་ ལས་དོན་ག་ནི་ཡང་ ལག་ལེན་འཐབ་ནི་ མི་འོང་ཟེར་ཨིནམ་ད་ དེ་ཡང་ ཆརཔ་རེ་རྐྱབ་པ་ཅིན་ མེ་རིའི་རག་རོ་ཚུ་ འཕྱག་བདའ་འོང་ནི་གི་ ཉེན་ཁ་ཡོདཔ་སྦེ་ར་ གསལ་བཤད་འབད་ནུག།
རྒྱལ་ཡོངས་རྐྱེན་ངན་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འཛུལ་ཞུགས་བཀག་དམ་གྱི་ ས་ཁོངས་ཕྱི་ཁར་ཡོད་མི་ གཡུས་ཚན་དག་པ་ཅིག་གི་ནང་ར་ མེ་རིའི་ཐལཝ་ཚུ་ ལྷོད་ཡོདཔ་ལས་ གཡུས་ཚན་ཅིག་གི་ནང་ལས་ མི་སེར་ཚུ་ གཞི་གནས་སྤོ་དགོཔ་ ཐོན་པའི་ཁར་ མེ་རི་དེ་ འཕྲོ་མཐུད་དེ་ར་ འཐོན་དོ་ཡོད་པའི་ བརྡ་སྟོན་ཡང་ཡོདཔ་ཨིན་པས།
ལེ་ཝོ་ཏོ་ལ་ ཀི་ལ་ཀི་ཟེར་མི་ལས་ མདང་ཞག་ སྤྱི་ཟླ་ ༥ པའི་ནང་ཡང་ མེ་རི་ཐོན་ཡོདཔ་ལས་ འགོ་དཔོན་ཚུ་གིས་ ཉེན་བརྡ་འབད་དགོཔ་ ཐོན་ཡོདཔ་ད་ ལ་ཀི་ལ་ཀི་ཟེར་མི་དེ་ ཨིན་ཌོ་ནེ་ཤི་ཡའི་ ཁ་སྐད་ནང་ ཕོ་སྐྱེས་ལུ་ སླབ་དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: