
རོའི་ཊརཛ།
པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ བཟའ་འཐུང་མེད་པའི་ དཀའ་ངལ་ལྕི་དྲགས་སྦེ་ར་ ཕོག་སྟེ་ཡོདཔ་ལས་ སྤྱི་ཟླ་ ༦ པའི་ཚེས་ ༡༧ ལུ་ གྲོགས་རམ་ཐོག་གི་ བཟའ་ཆས་བཀྲམ་སྤེལ་འབད་མི་ སྣུམ་འཁོར་ཊག་ཚུ་གི་ནང་ལས་ བཟའ་འཐུང་བཟེད་པར་འོང་མི་ པེ་ལིཛ་ཊིན་གྱི་ མི་སེར་ ༥༩ ཨིཛ་རེལ་གྱིས་ གོ་མཚོན་སྟོབས་ ལག་ལེན་འཐབ་སྟེ་ དམར་བསད་འབད་ནུག།
དེ་ཡང་ ག་ཟའི་ལྷོ་ཕྱོགས་ཁྲོམ་ཚོགས་ཀྱི་ས་གནས་ ཁཱན་ཡུ་ནིཛ་ལུ་ དམར་བསད་མི་ ཕུངམོ་ལེ་ཤ་ཅིག་ཡོདཔ་ད་ ཨིཛ་རེལ་གྱི་ ཁ་ཐུག་ལས་ཡང་ ས་གནས་དེ་ནང་ སྟོབས་རྐྱབ་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ཨིན་པས།
ས་གནས་དེ་ཁར་ མི་སེར་སྟོང་ཕྲག་ལས་བཅད་དེ་ བཟའ་འཐུང་བཟེད་པར་ སྤུངས་འཛོམས་འབད་དེ་ སྡོད་མིའི་གུ་ ཨིཛ་རེལ་གྱིས་ སྟོབས་ལན་ཐེངས་ ༢ རྐྱབ་ཡོདཔ་མ་ཚད་ དེ་བསྒང་ ནདཔ་ཐོན་མི་ཚུ་ཡང་ ན་སེར་སྨན་ཁང་ནང་ མ་ཤོང་པར་ ལེ་ཤ་ཅིག་ར་ སྒོ་བར་གྱི་ས་ཁར་ བཞག་ཡོདཔ་སྦེ་བཀོད་ནུག།
མི་ཅིག་གིས་ རྨ་སྐྱོན་བྱུང་མི་ཚུ་ལུ་ སྙིང་རྗེའི་སྒོ་ལས་ བལྟ་མི་ཅིག་ཡང་མེད་པར་ ཤི་བཅུག་དོ་ཟེར་ སླབ་ཡོདཔ་ད་ ཁོང་ཆ་ཁྱབ་ བཀྲེས་སྐོམ་ཐོག་ལུ་ཡོད་མི་ རང་སོའི་ཨ་ལོ་ཚུ་གི་དོན་ལས་ ཕྱེ་ལེན་པར་ སོང་ཡོདཔ་སྦེ་ བཤདཔ་ཨིན་པས།
པེ་ལིཛ་ཊིན་གྱི་ སྨན་བཅོས་ལས་གཡོགཔ་ཚུ་གིས་ མི་གྲངས་ ༥༩ དམར་བསད་འབད་བའི་ཁར་ ༢༢༡ ལུ་ཡང་ རྨ་སྐྱོན་ཚུ་ བྱུང་ནུག་ཟེར་ཨིནམ་ད་ རྨ་སྐྱོན་བྱུང་མི་ ༢༠ དེ་ཅིག་ ཤི་ནིའི་དུམ་ཁར་ཡོདཔ་སྦེ་བཤད་ནུག།
ཨིཛ་རེལ་སྲུང་སྐྱོབ་དམག་སྡེ་གིས་ ལག་ལེན་ས་ཁོངས་ཀྱི་ ཉེ་འདབས་ལུ་ གྲོགས་རམ་བསྐྱལ་མི་ སྣུམ་འཁོར་ཊག་ཅིག་ ལམ་མ་ཐལ་བར་སྡོདཔ་ད་ མི་སེར་ཚུ་ བཟའ་འཐུང་བཟེད་པར་ འོང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 1082
Users Yesterday : 1379
This Month : 1082
This Year : 229923
Total Users : 941739
Views Today : 2790
Total views : 2741833
Who's Online : 8