
པདྨ་དབང་འདུས།
སྤྱི་ཟླ་ ༦ པའི་ཚེས་ ༡༨ ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ལས་ འབྲུག་གི་འབབ་ཁུངས་དཔྱད་ཡིག་ ༢༠༢༥ ཅན་མ་དེ་ གྲལ་བཞུགས་འཐུས་མི་ ༤༥ ག་ར་གིས་ མོས་མཐུན་ཐོག་ལུ་ ཆ་འཇོག་གྲུབ་གནང་ནུག།
དཔྱད་ཡིག་དེ་ ཆ་འཇོག་མ་འགྲུབ་པའི་ཧེ་མར་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གིས་ རྒྱན་ཤོག་དང་ རྒྱལ་སྤུངས་ནི་ རྒྱན་རྩེད་ཚུ་དང་འབྲེལ་བའི་ ལེའུ་ ༢༣ པའི་སྐོར་ལས་ བསྐྱར་ཞིབ་སྙན་ཞུ་ཕུལ་ཡོདཔ་ད་ ཚོགས་ཁང་ནང་ལས་ རྒྱན་རྩེད་ཀྱི་ཐེད་ཁར་ ཁྱད་ཆོས་ཅིག་ བཀོད་དགོཔ་ཡོད་མི་དང་སྦྲགས་ཏེ་ ཚོགས་ཆུང་གི་ གྲོས་དོན་ཚུ་ལུ་ ངོས་ལེན་མཛད་ནུག།
དེ་སྦེ་ ངོས་ལེན་མཛད་མི་དེ་ཡང་ ཚོགས་ཆུང་གི་ཁ་ཐུག་ལས་ ཁྲིམས་དོན་བསྐྱར་ཞིབ་དང་ གྲོས་བསྟུན་ ཞིབ་འཚོལ་ཚུ་འབད་དེ་ ཚོགས་ཁང་ནང་ ཞུ་བའི་ནང་གསལ་ འབྲེལ་ཡོད་དོན་ཚན་ཚུ་ ཅ་ཆས་དང་ ཞབས་ཏོག་དང་ ནང་ཁྲལ་དཔྱད་ཡིག་ འཕྲི་སྣོན་ཚུ་དང་ ཚུལ་མཐུན་བཟོ་སྟེ་ བསྐྱར་བཟོ་འབད་ཡོདཔ་སྦེ་ཨིན་པས།
ཟུར་དེབ་ ༡ པ་ ཁྲལ་ཚད་ཚུ་གི་སྐོར་ལས་ མི་ངོའི་འདུས་ཚོདས་དང་ ཚོང་སྡེ་ དེ་ལས་ དཔལ་འབྱོར་ལུ་ རྒྱ་ཆེ་བའི་ ཁེ་ཕན་ཡོད་མི་ཚུ་གི་ཐེད་ཁར་ ཁྲལ་ཚད་དེ་ བརྒྱ་ཆ་ ༢༢ སྦེ་ རང་འཇགས་བཞག་ནི་གི་ གྲོས་དོན་ཕུལ་ཡོདཔ་ད་ དུས་འཛིན་བཙུགསབཞག་དང་ ཁེབ་ས་བགོ་བཤའི་ཐེད་ཁར་ སྐྱེད་ཀྱི་འབབ་ཁུངས་ ༣༠༠,༠༠༠ ཚུན་ལུ་ ཁྲལ་དགོངས་ཡངས་ བཞག་ནི་ཨིན་པའི་ ངོས་ལེན་མཛད་ནུག།
ཨ་ལོའི་ཤེས་ཡོན་གྱི་ ཟད་འགྲོའི་ཐེད་ཁར་ ཟད་འགྲོ་ཚུ་གི་ ཡིག་ཐོག་སྒྲུབ་བྱེད་མེད་མི་ལུ་ ཕབ་ཆག་དངུལ་ཀྲམ་ ༢༠,༠༠༠ ལས་ དངུལ་ཀྲམ་ ༥༠,༠༠༠ གུ་ ཡར་སེང་གནང་པའི་ཁར་ ཟུར་དེབ་ ༦ པ་ ལྕོགས་གྲུབ་མེད་པའི་ རྒུད་གསོའི་དོན་ལུ་ཡང་ ཕབ་ཆག་དེ་ ཁྲལ་བཏབ་མིའི་ ཕམ་དང་ སྤུན་ཆ་ཚུ་དང་སྦྲགས་ཏེ་ བདེ་སྒྲིག་འབད་ཡོད་པའི་ འབབ་ཁུངས་ཡོངས་བསྡོམས་ལས་ དངུལ་ཀྲམ་ ༤༠,༠༠༠ ཕབ་ཆག་འབད་ཆོགཔ་སྦེ་ ཆ་འཇོག་མཛད་ནུག།
དཔྱད་ཡིག་དེ་ བྱ་བའི་གནད་སྤྱོད་དང་འཁྲིལ་ཏེ་ བསྐྱར་ཞིབ་ཀྱི་དོན་ལས་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་བཏང་ཡོདཔ་ཨིན་པས།
འབབ་ཁུངས་ཁྲལ་གྱི་ དཔྱད་ཡིག་དེ་ ཆ་འཇོག་གྲུབ་པའི་ཤུལ་ལུ་ ཚོགས་དཔོན་གྱིས་ གཤམ་འཁོད་གནད་དོན་ཚུ་གུ་ གཙོ་བོར་བཟུང་ཐོག་ལས་ གསལ་བཤད་གནང་ནུག།
དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ལས་ དཔྱད་ཡིག་གཙོ་བོ་ ༣ ཆ་འཇོག་གྲུབ་མི་ཚུ་ཡང་ འབྲུག་གི་ཅ་ཆས་དང་ ཞབས་ཏོག་དཔྱད་ཡིག་ ༢༠༢༥ ཅན་མ་དང་ འབྲུག་གི་འབབ་ཁུངས་ཁྲལ་གྱི་དཔྱད་ཡིག་ ༢༠༢༥ ཅན་མ་ དེ་ལས་ འབྲུག་གི་ནང་ཁྲལ་དཔྱད་ཡིག་ ༢༠༢༥ ཅན་མ་ཚུ་ཨིན་པས།
ཚོགས་ཁང་ནང་ལས་ ཁྲལ་གྱི་བཅའ་ཁྲིམས་གསརཔ་ཚུ་ མཐར་འཁྱོལ་ཅན་སྦེ་ ལག་ལེན་འགོ་བཙུགས་ནིའི་དོན་ལུ་ དུས་ཚོད་འགོར་ནི་ཨིནམ་ལས་ གཞུང་གིས་གྲོས་དོན་བཀོད་མི་ དུས་ཚོད་ཁར་ འགོ་བཙུགས་ནི་ལུ་ ངོས་ལེན་གྲུབ་ཡོདཔ་ད་ དེ་ཡང་ གཞུང་གི་ཁ་ཐུག་ལས་ ཚོང་ལམ་གྱི་ གནས་སྟངས་དང་ ཚོང་ཟོག་དཀོན་པའི་ གནས་སྐབས་ནང་ ཚོང་ཟོག་བསགས་བཞག་ནང་ གོང་ཚད་ཡར་སེང་ཚུ་ དམ་གཟབ་སྦེ་ བལྟ་རྟོག་འབད་དགོཔ་དང་ དེ་གི་དོན་ལུ་ དོན་སྨིན་ཅན་གྱི་ ཐབས་བྱུས་ཚུ་ བརྩམ་དགོཔ་སྦེ་གསུངས་ནུག།
དེ་བཟུམ་མའི་ ཁྲལ་གྱི་བཅའ་ཁྲིམས་གསརཔ་ཚུ་ ལག་ལེན་འཐབ་ནིའི་ནང་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ གནད་འགག་ཆེ་བའི་ འགན་ཁུར་འབག་དགོཔ་ལས་ ལས་ཁུངས་དེ་ལུ་ གཞུང་གིས་ རྒྱབ་སྐྱོར་ཧྲིལ་བུར་གནང་སྟེ་ མཉམ་འབྲེལ་འབད་དགོ་སྦེ་ཡང་ གསུངས་ཡོདཔ་ཨིན་པས། དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་ལུ་ ཁྲལ་གྱི་བཅའ་ཁྲིམས་གསརཔ་ཚུ་དང་འབྲེལ་བའི་ བྱ་སྟབས་མ་བདེ་བའི་ གནད་དོན་གང་རུང་འཐོན་པ་ཅིན་ འཕྲོ་མཐུད་བལྟ་རྟོག་དང་ བལྟ་སྐྱོར་གྱི་ འགན་ཁུར་ཚུ་ བཀལ་གནང་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1394672
Views Today :
Total views : 5000
Who's Online :