
སྤྱི་ཟླ་ ༦ པའི་ཚེས་ ༡༩ ལུ་ འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་ བཞུགས་རིམ་ ༡༩ པའི་ནང་ དངུལ་རྩིས་བློན་པོ་མཆོག་གིས་ འབྲུག་གི་འོང་འབབ་ཁྲལ་གྱི་དཔྱད་ཡིག་ ༢༠༢༥ ཅན་མའི་གུ་ གསུང་གྲོས་ཀྱི་དོན་ལས་ ངོ་སྤྲོད་ཕུལ་ནུག།
དཔྱད་ཡིག་འདི་ སྤྱི་ཟླ་ ༥ པའི་ཚེས་ ༢༦ ལུ་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ནང་ ཏི་རུའི་དཔྱད་ཡིག་སྦེ་ ངོ་སྤྲོད་ཕུལ་བའི་ཤུལ་ལས་ གསུང་གྲོས་རྒྱས་ཤིང་རྒྱསཔ་སྦེ་གནང་སྟེ་ སྤྱི་ཟླ་ ༦ པའི་ཚེས་ ༡༨ ལུ་ ཆ་འཇོག་གྲུབ་གནང་ཡོདཔ་ཨིན་པས།
དེ་བསྒང་ འབྲུག་གི་དཔལ་འབྱོར་གྱི་ འགྱུར་བ་དང་ ལུང་ཕྱོགས་གཅིག་སྒྲིལ་ ཨང་ཅན་ཚོང་འབྲེལ་རྒྱ་སྐྱེད་ཚུ་དང་བསྟུན་ཏེ་ འདྲ་མཉམ་དང་ དྭངས་གསལ་ ཡུན་བརྟན་ཅན་གྱི་ དཔལ་འབྱོར་ཡར་འཕར་ཚུ་ ངེས་གཏན་བཟོ་ཐབས་ལུ་ དུས་མཐུན་བཟོ་ནི་ གལ་ཆེ་བའི་ གཞི་རྩའི་རྒྱབ་ཁུངས་དང་ དཔྱད་ཡིག་འདི་གི་ དམིགས་གཏད་གཙོ་བོ་ དེ་ལས་ དངུལ་འབྲེལ་གྱི་ ཕན་གནོད་སྙིང་དོན་ཚུ་ བཅུད་བསྡུས་ཏེ་ཞུ་ནུག།
དེ་ལས་ ཚོགས་ཁང་གི་ འཐུས་མི་ ༦ དེ་ཅིག་གིས་ ལྷན་ཐབས་ཀྱི་ ཐུགས་འཆར་དང་ དྲི་བ་ཚུ་བཀོད་བའི་སྐབས་ལུ་ བློན་པོ་གིས་ འོས་ལྡན་གྱི་ དོགས་སེལ་དང་ ལན་གསལ་ཚུ་ ཞུ་ཡོདཔ་མ་ཚད་ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་གྲུབ་མི་ དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་སྡེའི་ནང་ བཙུགས་པའི་སྐབས་ལུ་ ཚོགས་ཁང་གིས་ ཆ་འཇོག་གྲུབ་དགོཔ་ལས་ དཔྱད་ཡིག་འདི་གུ་ འཕྲོ་མཐུད་ཀྱི་ གསུང་གྲོས་གནང་ནིའི་དོན་ལུ་ དཔྱད་ཡིག་གི་འགོ་འཛིན་པ་ རང་བཞིན་ཐོན་སྐྱེད་དང་ མཐའ་འཁོར་ཚོགས་ཆུང་གིས་ གྲ་སྒྲིག་འབད་དགོ་པའི་ བཀའ་གནང་ཡོདཔ་ཨིན་པས། དེ་གི་ཤུལ་ལས་ར་ ཁྲིམས་དོན་ཆུང་གི་ཁྲི་འཛིན་ གསར་སྤང་རྗོང་ཁག་གི་འཐུས་མི་ པདྨ་བཀྲིས་ཀྱིས་ འབྲུག་གི་ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༥ ཅན་མའི་གུ་ ཚོགས་ཆུང་གི་ དུས་མཐུན་སྙན་ཞུ་དང་ ཁྲལ་གྱི་ཁེ་ཕན་གྱི་སྐོར་ལས་ གསལ་ཞུ་འབད་བའི་ཤུལ་ལས་ དཔྱད་ཡིག་འདི་གི་ དོན་ཚན་རེ་རེ་བཞིན་དུ་ལུ་ ཚོགས་དམངས་ཀྱིས་ གྲོས་བསྡུར་ཞིབ་ཞིབ་སྦེ་གནང་སྟེ་ དཔྱད་ཡིག་འདི་གི་ དོན་ཚན་ ༢༢༩ པ་ ལེའུ་ ༢༥ པའི་ བམ་ཚན་ ༣ པ་འདི་ ཚོགས་ཁང་གི་ འཐུས་མི་དག་པ་ཅིག་གིས་ ཚ་གྱང་བཀོད་ཡོདཔ་ལས་ ཚོགས་ཆུང་ལུ་ སླར་ལོག་གསུང་གྲོས་གནང་ནི་དོན་ལུ་ ནང་འཁོད་ཞལ་འཛོམས་ནང་ ཕུལ་ཡོདཔ་ད་ དཔྱད་ཡིག་འདི་གུ་ གསུང་གྲོས་འཕྲོ་མཐུད་འདི་ ཤུལ་མའི་བཞུགས་རིམ་ནང་ གནང་ནི་ཨིན་པའི་གནས་ཚུལ།




Users Today : 812
Users Yesterday : 1379
This Month : 812
This Year : 229653
Total Users : 941469
Views Today : 2051
Total views : 2741094
Who's Online : 7