
རོའི་ཊརཛ།
སྤྱི་ཟླ་ ༦ པའི་ཚེས་ ༢༥ ལུ་ རྒྱ་ནག་དང་ ཏ་ཡེ་ཝཱན་གྱི་བར་ན་ འབྱུང་རབས་ཀྱི་ གོ་དོན་འགྲེལ་བཤད་སྐོར་ལས་ རྩོད་གླེང་ཅན་གྱི་ གཞི་ཅིག་ལུ་ གྱུར་ཡོདཔ་ད་ དེ་ཡང་ རྒྱ་ནག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཏ་ཡེ་ཝཱན་གཞུང་གིས་ གོ་དོན་མ་འདྲཝ་སྦེ་ལེན་ཏེ་ རྒྱ་ནག་ལུ་ བརྙས་བཅོས་འབདཝ་མས་ཟེར་ཨིན་པས།
རྒྱ་ནག་གིས་ དམངས་གཙོའི་རང་སྐྱོང་ཐོག་གི་ ཏ་ཡེ་ཝཱན་དེ་ རྒྱ་ནག་གི་ ས་ཁོངས་ཨིན་ལུགས་བཤད་དེ་ ཏ་ཡེ་ཝཱན་ལུ་ དྲག་ཐོག་དང་ སྲིད་འབྲེལ་ཐོག་ལས་ ཨེབ་ཤུགས་རྐྱབ་སྟེ་ ལོ་ངོ་ ༥ དེ་ཅིག་ སོང་ཡོདཔ་ད་ དམིགས་བསལ་གྱིས་ ཏ་ཡེ་ཝཱན་གྱི་སྲིད་འཛིན་ ལའི་ཅིང་ཏེ་ལུ་ ངོ་རྒོལ་འབད་མི་སྦེ་ བརྩི་འཇོག་འབད་དེ་ ངལ་མི་རངས་དོ་ཡོདཔ་སྦེ་བཀོད་ནུག།
སྲིད་འཛིན་ལའི་གིས་ འདས་པའི་རེས་གཟའ་ཟླཝ་ལས་ཚུར་ རྒྱལ་ཁབ་གཅིག་སྒྲིལ་གྱི་དོན་ལུ་ཨིནམ་སྦེ་ གསུང་བཤད་ལན་ཐེངས་ ༡༠ གནང་ནི་སྦེ་ཡོད་ས་ལས་ ལན་ཐེངས་ ༢ གནང་ཚར་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཏ་ཡེ་ཝཱན་དེ་ རྒྱལ་ཁབ་ཅིག་འབདཝ་ལས་ རྒྱ་ནག་གིས་ ཁོང་གི་ས་ཁོངས་སྦེ་ ཐོབ་བརྗོད་བཀོད་ནི་ལུ་ འབྱུང་རབས་ཅན་གྱི་ ཐོབ་དབང་མེད་ཟེར་ཨིན་པས།
རྒྱ་ནག་གི་ ཕྱི་འབྲེལ་བློན་པོ་ ཝང་ཡི་གིས་ ཡུ་རོབ་རྒྱལ་ཁབ་ཁག་གི་ གཞུང་ཚབ་ཚུ་ལུ་ ཏ་ཡེ་ཝཱན་ གཞུང་སྐྱོང་ཚོགས་པའི་ཁ་ཐུག་ལས་ རང་དབང་གི་དོན་ལུ་ ཐབས་ཤེས་དང་ གནས་སྐབས་ཡོད་རིགས་ ལག་ལེན་འཐབ་མི་དེ་ ཉེན་ཁ་སྦོམ་ཡོད་པའི་ ལཱ་བྱ་འཐབ་དོ་ཡོདཔ་སྦེ་བཤད་ནུག།
ཁོ་གིས་འབད་བ་ཅིན་ ཏ་ཡེ་ཝཱན་དེ་ རྒྱ་པཱན་གྱིས་ ཨར་རྐུན་འབད་བའི་ ས་ཁོངས་ཅིག་ཨིན་མི་དེ་ཡང་ སྤྱི་ལོ་ ༡༩༤༣ ལུ་ ཀ་ཡེ་རོའི་གསལ་བསྒྲགས་ནང་ རྒྱ་ནག་ལུ་ ལོག་སྤྲོད་དགོ་པའི་ ཁ་འཆམ་བྱུང་པའི་ཁར་ འཛམ་གླིང་དམག་ཆེན་ ༢ པའི་ མཇུག་བསྡུ་ལུ་ རྒྱ་པཱན་གྱིས་ ཕྱད་མདའ་ལས་ རྒྱབ་བཤུད་རྐྱབ་པའི་ཤུལ་ལས་ སྤྱི་ལོ་ ༡༩༤༥ ལུ་ པོཊཛ་ཌཱེམ་གསལ་བསྒྲགས་ནང་ལས་ཡང་ ཁ་ཆེམས་དེ་ གཏན་འཁེལ་ཡོད་ལུགས་དང་ ཏ་ཡེ་ཝཱན་དེ་ སྤྱི་ལོ་ ༡༨༩༥ ལས་ རྒྱ་པཱན་གྱིས་ དབང་ཡོདཔ་ཨིན་པས།
རྒྱ་ནག་གིས་ མདང་ཞག་ སྤྱི་ཟླ་ ༤ པ་ཚུན་ལུ་ ཏ་ཡེ་ཝཱན་མཐའ་བསྐོར་ཏེ་ མཁའ་དམག་གནམ་གྲུ་ཚུ་ ལག་ལེན་འཐབ་སྟེ་ དམག་སྦྱོང་ཚར་དག་པ་ཅིག་ར་འབད་ཡོདཔ་ལས་ ནམ་ཅིག་གི་ཚེ་ ཁོང་གི་འཇིགས་སྐུལ་དེ་ ངོ་མ་ལུ་འགྱུར་ཏེ་ དབང་བཙོང་གི་སྒོ་ལས་ ཏ་ཡེ་ཝཱན་དེ་ ཁོང་གི་འོག་ལུ་ བཙུགས་ནི་བཟུམ་ཅིག་ཡོདཔ་ལས་ ལུང་ཕྱོགས་ནང་ ཕྱད་མདའ་ཡང་ འཐོན་སྲིད་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1335
Users Yesterday : 1476
This Month : 39848
This Year : 219751
Total Users : 931567
Views Today : 4059
Total views : 2717660
Who's Online : 21