
མགོན་པོ་རྡོ་རྗེ།
རང་ཟླ་ ༥ པའི་ཚེས་ ༡ སྤྱི་ཟླ་ ༦ པའི་ཚེས་ ༢༦ ལུ་ མི་རྗེ་ནང་སྲིད་བློན་པོ་མཆོག་གིས་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་ ཞལ་འཛོམས་ཁང་ནང་སྦེ་ རྫོང་ཁའི་རྩོམ་རིག་འགྲན་བསྡུར་ ཐེངས་ ༡༤ པའི་ནང་ལས་ ཨང་དང་པ་ཐོན་མི་ སྟག་རྩེ་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་ བསྟན་འཛིན་རྡོ་རྗེ་ལུ་ བཀྲིས་བདེ་ལེགས་དང་བཅས་པའི་སྒོ་ལས་ ལག་ཁྱེར་དང་ གསོལ་རས་སྦེ་ རྗེ་བཙུན་སྒྲོལ་མའི་ སྐུ་འདྲ་ ༡ གནང་ཡི།
དེ་བསྒང་ ནང་སྲིད་བློན་པོ་མཆོག་གིས་ རྫོང་ཁའི་རྩོམ་རིག་འགྲན་བསྡུར་དེ་ ག་ནི་བ་ གལ་ཆེ་བའི་ ལས་རིམ་ཅིག་ཨིན་མི་དེ་ཡང་ རྫོང་ཁ་འདི་ ང་བཅས་རའི་ འབྲུག་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་སྐད་ཡིག་ཅིག་ཨིན་རུང་ ལག་ལེན་འཐབ་ནིའི་ཐེད་ཁར་ ལཱ་ཁག་ཅིག་ལུ་ འགྱུར་ཏེ་ཡོད་ཟེར་ཨིན་པས།
ད་རེས་ཀྱི་ རྫོང་ཁའི་རྩོམ་རིག་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ མི་གྲངས་ ༥ ལས་མེད་རུང་ ད་ལས་ཕར་ ལོ་གཅིག་བ་ལོ་གཅིག་ མང་སུ་འཐོན་པའི་ རེ་བ་དང་ བསྟན་འཛིན་རྡོ་རྗེ་གིས་ཡང་ རྫོང་ཁའི་ཀི་དེབ་ཚུ་ ག་དེ་མང་མང་ འབྲི་རྩོམ་འབད་དེ་ རྫོང་ཁ་འདི་ ཡར་རྒྱས་གོང་འཕེལ་གཏང་པའི་ རེ་བ་ཡོད་ཟེར་གསུངས་ཡི།
ནང་སྲིད་བློན་པོ་མཆོག་གིས་ རྫོང་ཁ་འདི་ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་འབདཝ་ལས་ ཨིང་སྐད་དང་འདྲ་མཉམ་སྦེ་ར་ གོང་འཕེལ་གཏང་དགོཔ་འདི་ གལ་ཆེ་བ་ལུ་བརྟེན་ཏེ་ གཞུང་ཞབས་ལས་ཡང་ རྒྱབ་སྐྱོར་དང་ གྲོགས་རམ་ཚུ་ ག་དེ་དྲག་དྲག་ མཛད་ནི་ཨིན་པའི་སྐོར་ལས་ གསལ་བཤད་གནང་ཡི།
རྫོང་ཁའི་རྩོམ་རིག་འགྲན་བསྡུར་ནང་ལས་ ཨང་དང་པ་ཐོན་མི་ བསྟན་འཛིན་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཀྲོང་གསར་བྲག་སྟེང་གི་ ལྷ་ཁང་དགོན་སྡེའི་ལོ་རྒྱུས་ འབྲུག་གི་གཅེས་ནོར་ཟེར་མི་ ཀི་དེབ་དེ་ བྲིས་རྩོམ་འབད་ནིའི་དོན་ལུ་ སྤྱི་ལོ་ ༢༠༡༥ ལས་ འགོ་བཙུགས་ཏེ་ ལོ་ངོ་ ༧ གྱི་རིང་ལུ་ ཞིབ་འཚོལ་འབད་ཡི་ཟེར་ཨིན་པས།
རྩོམ་རིག་འགྲན་བསྡུར་དེ་ནང་ ཕུར་པ་སྲིད་ཐུབ་ཀྱིས་ རྩོམ་བྲིས་འབད་མི་ དགའ་བ་དང་། རྣམ་རྒྱལ་དབང་ཕྱུག་གིས་ རྩོམ་བྲིས་འབད་མི་ ཆུ་ནས་ཤེས་རབ་ཀྱི་བསིལ་བ་ ཤིང་ནས་བྱ་སྤྱོད་ཀྱི་མེ་ཏོག། པདྨ་ལས་གྲགས་ཀྱིས་ རྩོམ་བྲིས་འབད་མི་ བརྩེ་གདུང་མེད་པའི་འཇིག་རྟེན། རྡོ་རྗེ་འཕྲིན་ལས་ཀྱིས་ རྩོམ་བྲིས་འབད་མི་ ངང་ལྷ་མཆོད་པ་ལྷ་ཟེར་མི་ཚུ་གིས་ གྲལ་གཏོགས་འབད་ནུག།
སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ ཞིབ་འཚོལ་སྡེ་ཚན་གྱི་ ཞིབ་འཚོལ་གཙོ་འཛིན་འོགམ་ བསོད་ནམས་རིན་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྫོང་ཁའི་རྩོམ་རིག་འགྲན་བསྡུར་དེ་ ཧེ་མ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་སྐབས་ལས་ར་ རྫོང་ཁའི་རྩོམ་སྒྲིགཔ་ཚུ་གི་རྒྱུད་ལུ་ སེམས་ཤུགས་དང་ སྤྲོ་བ་བསྐྱེད་བཅུག་ཐབས་ལུ་ འགོ་འདྲེན་འཐབ་སྟེ་ ཐེངས་ ༡༣ ཡར་སོང་ནུག་ཟེར་ཨིན་པས།
མ་གཞི་ ཧེ་མར་ རྩོམ་རིག་འགྲན་བསྡུར་འདི་ འགོ་བཙུགས་པའི་སྐབས་ལུ་ ལོ་བསྟར་ལས་རིམ་ཅིག་སྦེ་ འགོ་བཙུགས་ཡོད་རུང་ རེ་ཚེ་སྐབས་ བཅའ་མར་གཏོགས་མི་ལངམ་སྦེ་ མ་ཐོན་པ་ལུ་བརྟེན་ཏེ་ བར་སྐབས་ཅིག་ལས་ ལོ་ངོ་ ༣ རེའི་བར་ན་ཚར་རེ་ འགོ་འདྲེན་འཐབ་ནུག་ཟེར་བཤད་ཅི།
ཨིན་རུང་ ནད་ཡམས་དང་ གཞི་སྒྱུར་ལུ་བརྟེན་ཏེ་ ལོ་ངོ་དག་པ་ཅིག་ འགོ་འདྲེན་འཐབ་མ་ཚུགས་པར་ ལུས་པའི་ཤུལ་ལུ་ སྤྱི་ལོ་ ༢༠༢༢ ལས་ ༢༠༢༤ ཚུན་འབདཝ་ད་ ལོ་ངོ་ ༣ གྱི་ ནང་འཁོད་ལུ་ པར་སྐྲུན་འབད་མི་ དཔེ་དེབ་ཚུ་ལུ་ བཅའ་མར་གཏོགས་བཅུག་མིའི་ནང་ རྩོམ་སྒྲིགཔ་མི་ངོམ་ ༥ ལས་ མ་ཐོན་ཟེར་ བཤད་ཡོད་པའི་གནས་ཚུལ།






Users Today : 40
Users Yesterday : 1548
This Month : 28404
This Year : 208307
Total Users : 920123
Views Today : 43
Total views : 2697628
Who's Online : 6