
པདྨ་དབང་འདུས།
འབྲུག་རིག་རྩལ་གསར་བཏོད་ བརྟག་དཔྱད་ཁང་ཟེར་ བློན་ཆེན་གྱི་ ཡིག་ཚང་ནང་འཁོད་ཀྱི་ གཙུག་སྡེ་ཅིག་སྦེ་ གཞུང་སྐྱོང་བསྐྱར་བཀོད་འབད་ནི་དང་ ཀུན་ཚང་གོང་འཕེལ་ མགྱོགས་དྲགས་བཟོ་ནི་ དེ་ལས་ དུས་རབས་ ༢༡ པའི་ མགུ་རྙོག་གོང་འཕེལ་གྱི་ དོ་འགྲན་ཚུ་ བསལ་ཐབས་འབད་ནིའི་དོན་ལས་ རྒྱལ་ཡོངས་ཀྱི་ གྲོས་གནས་ཅིག་སྦེ་ གཞི་བཙུགས་འབད་མི་དེ་ སྤྱི་ཟླ་ ༧ པའི་ཚེས་ ༡༠ ལུ་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་དང་ འཛམ་གླིང་སྤྱི་ཚོགས་ གོང་འཕེལ་ལས་རིམ་གྱི་སྐུ་ཚབ་ མོ་ཧ་མེད་ ཡུ་ནུཛ་ ༢ ཀྱིས་ འགོ་འབྱེད་མཛད་ནུག།
དེ་ཡང་ གནས་ཚུལ་གསར་བཏོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གཞུང་གི་སྲིད་བྱུས་ཀྱི་ གྲོས་ཆོད་ཚུ་ དངོས་གནས་གནད་སྡུད་དང་ ཁེ་གྱོང་འབག་མི་ཚུ་གིས་ སྤྲོད་མི་ནང་དོན་ དེ་ལས་ ཞིབ་དཔྱད་ཚུ་དང་འཁྲིལ་ཏེ་ བརྡ་དོན་སྤྲོད་ས་སྦེ་ མ་འོངས་པ་ལུ་ འཇིགས་སྣང་མེད་པའི་ ཉམས་མྱོང་གི་ བྱ་གོ་སྦེ་ བརྩི་ཐོག་ལས་ གཞི་བཙུགས་གསརཔ་འབད་ཡོད་པའི་ གཙུག་སྡེ་ཅིག་ཨིན་པས།
གཙུག་སྡེ་དེ་ བློན་ཆེན་གྱི་ ཡིག་ཚང་དང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ འཛམ་གླིང་སྤྱི་ཚོགས་ གོང་འཕེལ་ལས་རིམ་དང་ མཉམ་འབྲེལ་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ད་ དེ་གི་སྒྲིག་བཀོད་ཡང་ འགྱུར་ཁྱད་དང་ལྡན་པའི་ ཁེ་ལཱའི་ཐབས་ཚུ་གི་སྒོ་ལས་ མི་མང་ལས་སྡེའི་ རིག་རྩལ་གསར་བཏོད་ མགུ་རྙོག་དྲགས་ཚུ་གི་ དོ་འགྲན་ཚུ་ བསལ་ཐབས་ལུ་ཨིན་ཟེར་བཀོད་ནུག།
མི་རྗེ་བློན་ཆེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ རིག་རྩལ་གསར་བཏོད་འདི་ ལཱ་འཇམ་ཏོང་ཏོ་ཅིག་ མེན་ཟེར་ཨིནམ་ད་ དེ་ཡང་ འཕྲལ་འཕྲལ་ར་ ཉེན་ཁ་འབྱུང་སྲིད་ནི་དང་ བློ་མ་བདེཝ་ཆགས་ནི་ དེ་ལས་ མངོན་དཔག་འབད་མ་ཚུགས་པའི་ ལཱ་ཅིག་ཨིན་རུང་ ང་བཅས་ཀྱིས་ དུས་རྒྱུན་དང་ དུས་ཡོལ་ཅན་གྱི་ བྱ་སྒོ་ཚུ་ལུ་ འཕྲོ་མཐུད་དེ་ གནས་མི་ཚུགས་ཟེར་ཨིན་པས།
ད་རེས་ ཉེན་ཁ་སྦོམ་ཤོས་དེ་ར་ ང་བཅས་ཀྱིས་ ག་ནི་ཡང་མ་འབད་བར་ སྡོད་ནི་དེ་ཨིནམ་ལས་ གཞི་སྒྱུར་ཐོག་ལུ་ འགོ་ཁྲིད་དང་ སེམས་སྐུལ་ཚུ་ འབད་དགོ་པ་ཅིན་ བློ་སྟོབས་ཀྱི་སྒོ་ལས་ གསར་བཏོད་ཚུ་འབད་དགོཔ་ གལ་ཆེ་ཟེར་གསུངས་ནུག།
དེ་འབདཝ་ལས་ ལྷན་ཁག་ག་རའི་ ལས་ཁུངས་དང་ ལས་སྡེ་ ཆ་རོགས་ཚུ་ རེ་རེ་བཞིན་གྱིས་ རིག་རྩལ་གསར་བཏོད་འབད་ནི་ལུ་ བརྩོན་དགོཔ་སྦེ་ཨིནམ་ད་ དེ་ཚུ་ལུ་ ངོས་ལེན་འབད་ནི་དང་ རིག་རྩལ་གསར་བཏོད་འབད་ནི་ལུ་ ཀུན་སློང་ཡོད་རུང་ འབད་ཐངས་མ་ཤེས་མི་གིས་ གཙུག་སྡེ་དེ་ལུ་ བཤད་དགོཔ་བཞིན་དུ་ གཙུག་སྡེའི་ཁ་ཐུག་ལས་ཡང་ ལཱ་གཅིག་སྒྲིལ་གྱ་ཐོག་ལས་ འབད་ནི་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
འཛམ་གླིང་སྤྱི་ཚོགས་ གོང་འཕེལ་ལས་རིམ་གྱི་སྐུ་ཚབ་ ཡུ་ནུཛ་གིས་ གཙུག་སྡེ་གཞི་བཙུགས་འབད་མི་དེ་ འབྲུག་གི་དུས་རབས་ ༢༡ པའི་ དཔལ་འབྱོར་གྱི་ མདུན་ལམ་ནང་ བཀོད་དོ་བཟུམ་སྦེ་ དཔལ་འབྱོར་བཅུ་བལྟབ་ཀྱིས་ ཡར་སེང་འབད་ནི་སྦེ་ཡོད་མི་ལུ་ ཐད་ཀར་གྱི་ ངོས་ལེན་ཨིནམ་སྦེ་ གསལ་བཤད་འབད་ནུག།
དཔལ་འབྱོར་གྱི་ མདུན་ལམ་བརྩམ་ནིའི་ནང་ཡང་ འཛམ་གླིང་སྤྱི་ཚོགས་ གོང་འཕེལ་ལས་རིམ་གྱིས་ གྲལ་གཏོགས་འབད་ནི་གི་ གོ་སྐབས་ཐོབ་མི་དེ་ ག་ནི་བ་ཡང་ སྐལ་བ་བཟང་ཡི་ཟེར་ཨིནམ་ད་ འབྲུག་རྒྱལ་ཁབ་དང་ འབྲུག་པའི་མི་སེར་ཚུ་གི་དོན་ལུ་ གོང་འཕེལ་བསྐྱར་བཀོད་ནང་ ལས་རིམ་དེ་གིས་ རྒྱུན་མཐུད་ཅན་གྱི་ མཉམ་འབྲེལ་འཐབ་ནི་ཨིན་ཟེར་ཡང་ བཤད་ཡོདཔ་ཨིན་པས།
ད་རེས་ བརྟག་དཔྱད་ཁང་དེ་གིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ནད་བརྟག་གི་ དུས་ཚོད་མཁོ་འདོད་བཀོད་མི་ བྱ་སྒོའི་དོ་འགྲན་ཚུ་ བསལ་ཐབས་འབད་དོ་ཡོདཔ་ད་ དེ་གི་དམིགས་དོན་ཡང་ འབྲུག་གི་སྨན་ཁང་སྦོམ་ཤོས་ཀྱི་ ཞབས་ཏོག་སྤྲོད་ནི་ཚུ་ འཇོན་སྟངས་ཅན་དང་ ནདཔ་ཚུ་ལུ་ གཙོ་རིམ་བསྐྱེད་ནི་ཡོདཔ་ བཟོ་ནི་ཨིནམ་སྦེ་བཀོད་ནུག།
དེ་མ་ཚད་ བརྟག་དཔྱད་ཁང་དེ་གིས་ གསོ་བའི་ཁྱད་ལཱ་འབད་མི་དང་ སྲིད་བྱུས་བརྩམ་མི་ དེ་ལས་ མི་སེར་ཚུ་དང་ གཅིག་སྒྲིལ་ཐོག་ལས་ གསོ་བའི་གནས་སྟངས་དང་ ད་རེས་ ནད་བརྟག་གི་དུས་ཚོད་ མཁོ་འདོད་བཀོད་ནི་དང་འབྲེལ་བའི་ དཀའ་ངལ་ཚུ་ཡང་ བསལ་ཞིནམ་ལས་ གོ་སྐབས་དང་ འཇོན་ཚད་ཚུ་ལུ་ གཙོ་རིམ་བཀོདཔ་ཨིན་པའི་གནས་ཚུལ།





Users Today : 656
Users Yesterday : 1729
This Month : 4458
This Year : 184361
Total Users : 896177
Views Today : 2241
Total views : 2632558
Who's Online : 13