
པདྨ་དབང་འདུས།
སྤྱི་ཟླ་ ༧ པའི་ཚེས་ ༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་མཆོག་གིས་ དགེ་ལེགས་ཕུག་ལུ་ རྒྱལ་སྤྱི་གནམ་གྲུའི་ཐང་ བཟོ་བསྐྲུན་གྱི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ནུག།
དེ་ཡང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དེ་སྒང་ བདེ་སྲུངཔ་དང་ རྒྱལ་སྲུངཔ་སྟོང་ཕྲག་ལས་བཅད་མི་ཚུ་གིས་ མི་སྡེ་ཚུ་གི་དོན་ལས་ སྡོད་ཁྱིམ་དང་ དྲན་རྟེན་ གཞི་རྟེན་མཁོ་ཆས་ཚུ་གི་ བཟོ་བསྐྲུན་ཚུ་ནང་ རང་སོའི་ཁས་བླངས་ཐོག་ལས་ ལམ་སྲོལ་ཅན་གྱི་ ཁས་བླངས་ཞབས་ཏོག་ ཕུལ་ནིའི་དོན་ལུ་ གྲལ་གཏོགས་འབད་ཡི་ཟེར་ཨིན་པས།
དེ་མ་ཚད་ མི་རྗེ་བློན་ཆེན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ གཞུང་གྲྭ་ཚང་གི་ སྐུ་ཚབ་ཚུ་དང་ བླ་སྤྲུལ་ དགེ་ལེགས་ཕུག་ མི་སྡེའི་འཐུས་མི་ཚུ་གིས་ཡང་ འགོ་འབྱེད་རྟེན་འབྲེལ་དེ་ནང་ གྲལ་གཏོགས་མཛད་ནུག།
གནམ་ཐང་བཟོ་བསྐྲུན་གྱི་ འགོ་འབྱེད་རྟེན་འབྲེལ་སྐབས་ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལས་ གནམ་ཐང་བཟོ་བསྐྲུན་ བྱིན་ཆགས་ཀྱི་དོན་ལུ་ གསུང་ཆོག་གནངམ་དང་གཅིག་ཁར་ རྫོང་ཁག་སོ་སོའི་ ལྷ་ཁང་ཚུ་གི་ནང་ཡང་ དེ་བཟུམ་མའི་ གསུང་ཆོག་ཚུ་ གནང་ཡོདཔ་ཨིན་པས།
ཐབས་བྱུས་ཅན་གྱི་ གལ་གནད་དང་ བཟོ་བཀོད།
གསར་སྤང་རྫོང་ཁག་ པ་ཡེ་ཐ་ གཙང་ཆུ་བདའ་སྟེ་ ཀི་ལོ་མི་ཊར་ ༤ གི་ ནང་འཁོད་ལུ་ བཟོ་བསྐྲུན་འབད་ནི་ཨིན་མི་ གནམ་ཐང་དེ་གིས་ འབྲུག་ལྷོ་ཕྱོགས་ཀྱི་ འཛུལ་སྒོ་སྦེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ བཙན་ཐབས་ལུ་ ཞབས་ཏོག་ཚུ་ འགྲུབ་ནི་ཨིནམ་ད་ གནམ་ཐང་དེ་གི་ ཁྱད་ཆོས་ཚུ་ཡང་ རྒྱུགས་ཐང་རིང་ཚད་ མི་ཊར་ ༣,༠༠༠ འབད་མི་དེ་ནང་ འགོ་དང་པ་ གནམ་གྲུ་ཨེ་ཡར་བཱཛ་ ཨེ་༣༢༡ དང་ བོ་ཡིང་ ༧༣༧ ཚུ་ ཆགས་ཚུགས་ནི་དང་ མ་འོངས་པར་ རྒྱ་ཚད་སྦོམ་མའི་ གནམ་གྲུ་ཚུ་ཡང་ ཆགས་ཚུགས་ནི་ཨིན་པས།
གནམ་ཐང་གི་ ལྕོགས་གྲུབ་ཐེད་ཁར་ འགོ་ཐོག་ལུ་ ལོ་བསྟར་འགྲུལ་པ་ས་ཡ་ ༡.༣ རེ་དང་ ཤུལ་ལས་ འགྲུལ་པ་ས་ཡ་ ༥.༥ རེ་ལས་ལྷགཔ་སྦེ་ དགོས་མཁོ་དང་འཁྲིལ་ཏེ་ ལག་ལེན་འཐབ་ཚུགས་ནི་ཨིནམ་ད་ འགྲུལ་པ་འཐོན་འཛུལ་གྱི་ ས་གོ་དེ་ཡང་ (དུས་མེད་སྔོ་ལྗང་གི་ སྦྱི་ཤིང་དང་ རྒྱ་ཞེང་ཡངས་པའི་ བསིལ་ལྡན་སྔོ་ཤིང་ རྒྱ་ཞེང་ཡངས་པའི་ ཚ་དྲོད་རན་པའི་སྔོ་ཤིང་ དེ་ལས་ ས་ཁ་དམའ་སའི་ སྔོ་ཤིང་བཅས་) འབྲུག་གི་ནགས་ཚལ་གྱི་ སྐྱེ་ལྡན་གནས་སྟངས་ དབྱེ་བ་ ༤ ཡོད་མི་ཚུ་ལུ་ གཞི་བརྟེན་ཏེ་ བཟོ་བསྐྲུན་འབད་ནི་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
བཟོ་རིག་གི་ ཁྱད་ཆོས་དང་ མཐའ་འཁོར་གནས་སྟངས་ཀྱི་མདུན་ལམ།
ལས་འགུལ་དེ་ཡང་ འཕྲུལ་རིག་གི་ དགོས་མཁོ་དང་ སྐྱེ་ལྡན་གྱི་ འགན་ཁུར་འདྲ་མཉམ་ཐོག་ལས་ ལག་ལེན་འཐབ་ནི་དང་ དེ་ཡང་ རྩིག་སྒྲོམ་ཅན་གྱི་ རྒྱུགས་ཐང་འོག་ལུ་ པ་ཡེ་ཐ་གཙང་ཆུའི་ རྒྱུགས་ལམ་དེ་ རང་བཞིན་ཅན་གྱི་ གནས་སྟངས་ནང་ རྒྱུན་སྐྱོང་འཐབ་ནི་ཨིནམ་ད་ ཡུན་བརྟན་ཅན་གྱི་ ཁྱད་ཆོས་ཚུ་འབད་བ་ཅིན་ སླར་བྱུང་ནུས་ཤུགས་དང་ རང་བཞིན་རླུང་ཤུགས་ཚུ་ལུ་ གཞི་བརྟེན་འབད་ནི་ཨིན་པས།
དཔལ་འབྱོར་གྱི་ ཁེ་ཕན་དང་ ལཱ་གཡོག་གི་གོ་སྐབས།
གནམ་ཐང་དེ་ བཟོ་བསྐྲུན་དང་ ལག་ལེན་སྐབས་ལུ་ ལཱ་གཡོག་གི་ གོ་སྐབས་འཐོན་ནི་དང་ འབྲུག་མི་ལས་གཡོགཔ་ཚུ་གི་དོན་ལུ་ སྦྱོང་བརྡར་ལས་རིམ་ ཕྱིར་ཚོང་གྱི་དོན་ལུ་ དོས་ཆས་སྐྱེལ་འདྲེན་གྱི་ ལྕོགས་གྲུབ་ཚུ་གི་སྒོ་ལས་ ལུང་ཕྱོགས་གོང་འཕེལ་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།
ལམ་སྲོལ་འབྲེལ་མཐུན་དང་ མི་སྡེ་ལུ་ཁེ་ཕན།
གནམ་གྲུ་ཐང་གི་ བཟོ་བཀོད་དེ་ཡང་ འབྲུག་གི་སྔར་འཁྱུན་ལམ་སྲོལ་ལུ་ གཞི་བརྟེན་འབད་དེ་ འཐོན་འཛུལ་ས་གོའི་ཆ་ཤས་ཚུ་ ལམ་སྲོལ་ཅན་གྱི་ རིག་རྩལ་དང་ལྡནམ་སྦེ་ བཟོ་ནི་དང་ ས་ཁོངས་གོང་འཕེལ་དེ་ འབྲུག་གི་ཤི་སྣ་ཚུ་ཡོདཔ་སྦེ་ བཞག་ནི་ཨིན་པའི་ཁར་ མ་འོངས་པར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ གོང་འཕེལ་དང་ཡང་ མཐུད་སྦྲེལ་འབད་ནི་ཨིན་པས།
འགོ་ཁྲིད་ཀྱི་གསལ་བཤད།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ལིའུ་མིན་ ལི་ཡོང་གིས་ “ད་རེས་ དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་ཐང་ བཟོ་བསྐྲུན་གྱི་ འགོ་འབྱེད་རྟེན་འབྲེལ་ལུ་བརྟེན་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དགོངས་འཆར་འགྲུབ་ནི་ འགོ་བཙུགས་ཡོད་པའི་ བརྡ་མཚོན་སྟོནམ་ཨིན། གནམ་ཐང་འདི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཆ་ཤས་གཙོ་བོ་ཅིག་ཨིནམ་བཞིན་དུ་ གནམ་ཐང་འདི་གིས་ འབྲུག་དང་ འཛམ་གླིང་གི་བར་ན་ མཐུད་འབྲེལ་གོང་འཕེལ་ གཏང་ནི་ཨིན། དེ་ཡང་ འབྲུག་གི་དཔལ་འབྱོར་དང་ མི་སྡེ་ལུ་ གཞི་སྒྱུར་ཅན་གྱི་ ལས་འགུལ་ཅིག་ཨིན། ང་གིས་ ཅང་གི་གནམ་ཐང་ བཟོ་བསྐྲུན་ནང་ ལཱ་འབད་དེ་ གནམ་ཐང་དེ་གི་ ཁྲི་འཛིན་ཡང་འབད་ཡོདཔ་ལས་ དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་ཐང་་དེ་གིས་ འབྲུག་རྒྱལ་ཁབ་དང་ མི་སེར་ཚུ་ལུ་ ཡ་མཚན་ཆེ་བའི་ ཁེ་ཕན་འབྱུང་ནི་ཨིན་པའི་ ངོས་ལེན་འབད་ཚུགས། དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་ཐང་དེ་གིས་ དོན་དང་ལྡན་པའི་ དྲན་ཤེས་ཅན་གྱི་ གོང་འཕེལ་གྱི་ གནས་ཚད་གསར་པའི་སྒོ་ལས་ འབྲུག་རྒྱལ་ཁབ་འདི་ བསམ་ཞིབ་ཐོག་ལས་ འཛམ་གླིང་གི་དོན་ལས་ སྒོ་ཕྱེ་ནི་ལུ་ གྲ་སྒྲིག་ཡོད་པའི་ བརྡ་མཚོན་སྟོནམ་ཨིན” ཟེར་ བཤདཔ་ཨིན་པས།
བཟོ་བསྐྲུན་གྱི་དུས་ཚོད།
སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༧ པའི་ནང་ལས་ ས་བཅད་ཀྱི་ལཱ་ཚུ་ འགོ་བཙུགས་ནི་དང་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༦ པའི་ནང་ལས་ བཟོ་བསྐྲུན་གྱི་ ལཱ་གཙོ་བོ་ཚུ་ འགོ་བཙུགས་ནི་ཨིནམ་ད་ སྤྱི་ལོ་ ༢༠༢༨ སྤྱི་ཟླ་ ༧ པའི་ནང་ གནམ་ཐང་ངེས་སྦྱོར་གྱི་ལཱ་ཚུ་ འགོ་བཙུགས་ཏེ་ སྤྱི་ལོ་ ༢༠༢༩ སྤྱི་ཟླ་ ༣ པའི་ནང་ འགྲུལ་པ་འཐོན་འཛུལ་གྱི་ སྒྲིང་ཁྱིམ་ཚུ་ མཇུག་བསྡུ་ནི་ཨིན་པས།
དེ་གི་ཤུལ་ལས་ སྤྱི་ལོ་ ༢༠༢༩ སྤྱི་ཟླ་ ༧ པའི་ནང་ ལག་ལེན་གྲ་སྒྲིག་དང་ གནམ་ཐང་སྤྲོད་ལེན་ འགོ་བཙུགས་ཏེ་ སྤྱི་ལོ་ ༢༠༢༩ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ གནམ་གྲུ་ཐང་གི་ འགོ་འབྱེད་རྟེན་འབྲེལ་ བརྩི་སྲུང་ཞུ་ནི་ཨིན་པའི་གནས་ཚུལ།






Users Today : 2271
Users Yesterday : 3320
This Month : 92715
This Year : 388681
Total Users : 1100497
Views Today : 3599
Total views : 3074659
Who's Online : 24