མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཕུ་ལྷ་ཧ་རི་ལུ་ དགེ་བསྙེན་གནས་ཁང་ གསར་བཞེངས་ཀྱི་དོན་ལས་ ས་བཅུད་བུམ་གཏེར།

པདྨ་དབང་འདུས།
འབྱུང་རབས་ཅན་གྱི་ དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་ཐང་ བཟོ་བསྐྲུན་གྱི་ལཱ་ཚུ་ འགོ་བཙུགས་གནང་པའི་ཤུལ་ལས་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མི་དབང་རྒྱལ་སྲས་དང་ མི་དབང་རྒྱལ་སྲསམོ་ལྷན་རྒྱས་ཚུ་ དགེ་ལེགས་ཕུག་ལུ་ར་ བཞུགས་གནང་མི་དེ་གིས་ ལས་འགུལ་དེ་ནང་ ལཱ་འབད་མི་ཚུ་ལུ་ རྒྱ་ཆེ་བའི་ སེམས་སྐུལ་དང་ བློ་སྟོབས་ཀྱི་ འབྱུང་གནས་ལུ་གྱུར་ནུག།
གནམ་ཐང་བཟོ་བསྐྲུན་ནང་ ཁས་བླངས་ཐོག་ལས་ ལཱ་གཙོ་བོ་འབད་མི་ རྒྱལ་སྲུངཔ་དང་ བདེ་སྲུངཔ་སྟོང་ཕྲག་ལྷགཔ་ཅིག་གིས་ གནམ་ཐང་བཟོ་བསྐྲུན་ གོ་རིམ་གཙོ་བོ་དེ་ འགོ་མ་བཙུགས་པའི་ཧེ་མ་ དགོས་མཁོ་ཡོད་མི་ ས་བཅད་ཀྱི་ལཱ་ཚུ་ ས་གནས་ཀྱི་ བཟོ་བསྐྲུན་ལས་སྡེ་ཚུ་དང་ མཉམ་འབྲེལ་ཐོག་ལས་ འབད་དོ་ཡོདཔ་ད་ དེ་ཡང་ གནམ་བྱཱར་གྱི་ཆརཔ་དང་ ཚ་དྲོད་ནང་ཨིན་རུང་ ཁོང་གིས་ ཀུན་ལུ་ཕན་པའི་ དགོས་དོན་གྱི་ སེམས་སྐུལ་ཐོག་ལས་ དཔའ་ཉམས་བསྐྱེད་དོ་ཡོདཔ་ཨིན་པས།
མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ དགེ་ལེགས་ཕུག་ལུ་བཞུགས་པའི་ དུས་ཡུན་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཕུ་ལྷ་ཧ་རི་ལུ་ དགེ་བསྙེན་གནས་ཁང་ བཞེངས་ནི་སྦེ་ཡོད་སར་ ས་བཅུད་བུམ་གཏེར་ བཙུགས་གནང་སྟེ་ ས་ཁོངས་བྱིན་གྱིས་བརླབས་གནང་ནུག།
དེ་མ་ཚད་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ རྟ་རས་ཐང་ལུ་ བཟོ་བསྐྲུན་འབད་བའི་བསྒང་ཡོད་མི་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ནང་ཡང་ གཟིགས་སྐོར་གནང་ཡོད་པའི་གནས་ཚུལ།

Please follow and like us: