ཨིཛ་རེལ་གྱིས་ ག་ཟ་ལུ་ མི་ ༢༦ དམར་བསད།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ ཨིཛ་རེལ་གྱིས་ པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ རྫས་བམ་ཚུ་ བསྐྱུར་ཐོག་ལས་ གནོད་འཚུབ་བཀལ་ཏེ་ པེ་ལིཛ་ཊིན་གྱི་ མི་སེར་ ༢༦ དེ་ཅིག་ དམར་བསད་འབད་ཡོདཔ་མ་ཚད་ ག་ཟ་ལུ་ཡོད་མི་ སྨན་ཁང་ཚུ་གི་ནང་ཡང་ ཉིན་བསྟར་བཞིན་དུ་ ནདཔ་ལེ་ཤ་སྦེ་ སྤུངས་འཛོམས་འབད་དོ་ཡོདཔ་ལས་ སྨན་བཅོས་ཀྱི་ གོ་རིམ་སྒྲིག་མ་ཚུགས་པར་ཡོདཔ་ཨིན་པས།
དེ་ཡང་ ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཏེ་ དམར་བསད་འབད་མི་ཚུ་གི་གྲས་ལས་ ག་ཟ་ཁྲོམ་ཚོགས་ཀྱི་ ཤར་ཕྱོགས་ས་གནས་ ཏུ་ཕཱ་ཟེར་སར་ མི་ ༢ དང་ ག་ཟ་ཁྲོམ་ཚོགས་ཀྱི་ བྱང་ཕྱོགས་ས་གནས་ ཇ་བ་ལི་ཡ་ལུ་ མི་ ༥ དམར་བསད་འབད་ནུག།
དེ་གི་ཧེ་མར་ཡང་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ཉེན་སྲུང་དག་ལྡན་པའི་ ས་གོ་སྦེ་ ངོས་འཛིན་གྲུབ་མི་ ས་ཁོངས་ཚུ་ནང་ སྐྱབས་བཅོལ་བའི་གུར་ཚུ་གུ་ གནོདཔ་བཀལ་བའི་སྐབས་ལུ་ གུར་ཚུ་ལས་ མེ་འབར་ཏེ་ ཨཱལ་མ་ཝ་སི་ཟེར་སར་ ཨ་ལོ་ཆུང་ཀུ་ཚུ་རྩིས་ཏེ་ ཉུང་ཤོས་ར་ མི་གྲངས་ ༥ དམར་བསད་འབད་ཡོདཔ་ད་ དེ་སྦེ་ དམར་བསད་འབད་མི་ཚུ་གི་གྲས་ཁར་ གྲོགས་རམ་འཚོལ་མི་ མི་ ༦ ཡང་ ཚུད་ཡོདཔ་ཨིན་པས།
དེ་བཟུམ་མའི་ དམར་བསད་ཚུ་ཡང་ མཁའ་དམག་འཕྲུལ་ཆས་ཌྲཱོན་ཚུ་ ལྕགས་དང་ ལྕགས་གཟེར་གྱིས་ བཀང་ཞིནམ་ལས་ མགྱོགས་ཤུགས་ཐོག་ལུ་བཏང་སྟེ་ གནོད་འཚུབ་བཀལ་ཡོདཔ་སྦེ་ཨིནམ་ད་ ཨིཛ་རེལ་གྱིས་ དེ་བཟུམ་མའི་ གནས་སྐབས་ཐོག་ལས་ མི་མང་སྤུངས་འཛོམས་འབད་སའི་ ཚོང་ཁྲོམ་དང་ འཐུང་ཆུ་དབོག་ནིའི་དོན་ལུ་ མི་སྤུངས་འཛོམས་འབད་དེ་ སྡོད་ས་ཚུ་ནང་ གནོད་འཚུབ་བཀལ་དོ་ཡོདཔ་སྦེ་བཀོད་ནུག།
ཨིཛ་རེལ་གྱིས་ མཚོན་ཆ་སྣ་འཛིངས་ཅན་ཚུ་ ལག་ལེན་འཐབ་དོ་ཡོདཔ་སྦེ་ བཤད་དེ་འབད་རུང་ ས་ཁར་དམར་བསད་འབད་ཡོད་མི་དང་ རྨ་སྐྱོན་བྱུང་མི་ཚུ་ལུ་ བརྟག་དཔྱད་འབདཝ་ད་ དེ་བཟུམ་མའི་ མཚོན་ཆ་ཚུ་ ལག་ལེན་འཐབ་དོ་ཟེར་མི་དེ་ མི་བདེན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: