
པདྨ་དབང་འདུས།
སྤྱི་ཟླ་ ༧ པའི་ཚེས་ ༡༧ ལུ་ འབྲུག་དང་ རྒྱ་པཱན་གྱི་བར་ན་ མི་སྟོབས་གོང་འཕེལ་དང་འབྲེལ་བའི་ སློབ་གཉེར་གྲོགས་རམ་ལས་འགུལ་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
དེ་ཡང་ འབྲུག་གི་ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་མདོ་ཆེན་ པདྨ་མཚོ་མོ་དང་ འབྲུག་ལུ་ རྒྱ་པཱན་གཞུང་ཚབ་ ཀེ་ཨི་ཅི་ཨོ་ནོ་གིས་ བཀོད་ཡོདཔ་མ་ཚད་ ལས་འགུལ་དེ་གི་ གནང་སྦྱིན་ཆིངས་ཡིག་གུ་ཡང་ དངུལ་རྩིས་ལྷན་ཁག་ དཔལ་འབྱོར་དང་ དངུལ་འབྲེལ་གོང་འཕེལ་ལས་ཁུངས་ཀྱི་མདོ་ཆེན་ ཚེ་རིང་རྡོ་རྗེ་དང་ འབྲུག་ལུ་ཡོད་མི་ རྒྱ་པཱན་རྒྱལ་སྤྱི་མཉམ་འབྲེལ་ཡིག་ཚང་གི་ སྐུ་ཚབ་གཙོ་འཛིན་ ཡོ་ཨི་ཅི་རོ་ཀི་མ་ཏ་གིས་བཀོད་ནུག།
ལས་འགུལ་དེ་གི་འོག་ལུ་ རྒྱ་པཱན་གྱི་ གཙུག་ལག་སློབ་སྡེ་ཚུ་ནང་ མཐོ་རིམ་གོང་མའི་ ཤེས་ཚད་སྦྱང་མི་ ༩ དང་ མཁས་དབང་ཤེས་ཡོན་སྦྱང་མི་ ༡ གི་དོན་ལུ་ རྒྱ་པཱན་གཞུང་གིས་ ཡན་ས་ཡ་ ༢༤༣ འབདཝ་ད་ དངུལ་ཀྲམ་ས་ཡ་ ༡༤༠.༨༨ དེ་ཅིག་ བྱིན་ནི་དང་ མི་སྟོབས་གོང་འཕེལ་འདི་ འབྲུག་དང་ རྒྱ་པཱན་གྱི་བར་ན་ མཉམ་འབྲེལ་གྱི་ གནད་དོན་གཙོ་བོ་ཅིག་ཨིནམ་ད་ དེ་ཡང་ སྤྱི་ལོ་ ༢༠༡༩ ལས་ཚུར་ རྒྱ་པཱན་གཞུང་གིས་ ལོ་བསྟར་བཞིན་དུ་ སློབ་ཕྲུག་ ༡༠ རེ་ལུ་ མཐོ་རིམ་གོང་མ་དང་ མཁས་དབང་ཤེས་ཡོན་གྱི་དོན་ལུ་ སློབ་གཉེར་གྲོགས་རམ་ཚུ་ བྱིན་དོ་ཡོདཔ་ཨིན་པས།
ཆིངས་ཡིག་གུ་ མཚན་རྟགས་ཚུ་ཡང་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་ ཌི་ཨེན་དུང་གེལ་གྱི་ སྐུ་མདུན་ལུ་སྦེ་ བཀོད་ཡོདཔ་ད་ དེ་བསྒང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ བཀྲིས་པདྨོ་དང་ རྒྱ་པཱན་གཞུང་ཚབ་ ཀེ་ཨི་ཅི་ཨོ་ནོ་ དེ་ལས་ གཞན་ཡང་ རྒྱ་པཱན་གྱི་ ཁས་བླངས་པ་ ༢༢ ཀྱིས་གཙོས་པའི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།
བློན་པོ་དུང་གེལ་གྱིས་ རྒྱ་པཱན་གྱི་ ཕྱི་རྒྱལ་ཁས་བླངས་མཉམ་འབྲེལ་ལས་རིམ་ འགོ་བཙུགས་ཏེ་ མི་ལོ་ ༦༠ འཁོར་བའི་ དུས་དྲན་ལུ་ བཀྲིས་བདེ་ལེགས་ཡོད་ལུགས་ གསུངས་ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་ རྒྱ་པཱན་ལས་ འབྲུག་ལུ་ ཁས་བླངས་པ་ ༦༦༣ གྱིས་ སོ་ནམ་དང་ ཤེས་རིག་ གསོ་བ་ བརྡ་དོན་འཕྲུལ་རིག་ རྐྱེན་ངན་འཛིན་སྐྱོང་ཚུ་ནང་ ཁས་བླངས་ཐོག་ལས་ ཞབས་ཏོག་ཚུ་ ཞུ་ཡོདཔ་མ་ཚད་ ད་རེས་ཡང་ ཁས་བླངས་པ་ ༢༣ གྱིས་ འབྲུག་ལུ་ ཞབས་ཏོག་ཚུ་ ཞུ་དོ་ཡོདཔ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1433332
Views Today :
Total views : 5000
Who's Online :