
པདྨ་དབང་འདུས།
སྤྱི་ཟླ་ ༧ པའི་ཚེས་ ༡༧ ལུ་ སྤུ་ན་གཙང་ཆུ་ ༢ པའི་ ཆུར་བརྟེན་གློག་མེ་ལས་འགུལ་གྱི་ ཆ་ཤས་ ༥ པ་ མེ་ག་ཝཱཊ་ ༡༧༠ འབད་མི་ལས་ སྤུ་ན་གཙང་ཆུ་ ༢ པ་ མེ་ག་ཝཱཊ་ ༡༠༢༠ འབད་མི་དང་གཅིག་ཁར་ མཐར་འཁྱོལ་ཅན་སྦེ་ གློག་རྒྱུན་སྤེལ་ནི་ འགོ་བཙུགས་ནུག།
དེ་ཡང་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ནང་ ཆ་ཤས་ ༡ པ་དང་ ༢ པ་ལས་ གློག་རྒྱུན་སྤེལ་ནི་ འགོ་བཙུགས་ཡོདཔ་ད་ ཆ་ཤས་ ༣ པ་ལས་ དུས་ཅི་ སྤྱི་ཟླ་ ༣ པའི་ནང་དང་ ཆ་ཤས་ ༤ པ་ལས་ སྤྱི་ཟླ་ ༥ པའི་ནང གློག་རྒྱུན་སྤེལ་ནི་ འགོ་བཙུགས་ཡོདཔ་མ་ཚད་ ཆ་ཤས་ ༦ པ་ལས་ཡང་ མགྱོགས་པ་ར་ གློག་རྒྱུན་སྤེལ་ནི་ འགོ་བཙུགས་ནི་ཨིན་པས།
འགོ་འབྱེད་རྟེན་འབྲེལ་དེ་ནང་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་ མགོནམ་ཚེ་རིང་གིས་ དབུ་བཞུགས་མཛད་ཡོདཔ་ད་ དེ་བསྒང་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ ཤྲཱི་སུ་དྷ་ཀར་ ད་ལེ་ལ་དང་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་གི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ནུག།
འབྲུག་དང་ རྒྱ་གར་གྱི་བར་ན་ གློག་མེ་ལས་སྡེའི་ མཉམ་འབྲེལ་དེ་ ཡུན་རིང་གི་བར་ན་ གནས་ཡོད་མི་དེ་ཡང་ ད་ཚུན་གྱི་རིང་ལུ་ ཆུ་ཁ་གློག་མེ་ལས་འགུལ་དང་ ཀུ་རི་ཆུ་གློག་མེ་ལས་འགུལ་ དར་ལ་གློག་མེ་ལས་འགུལ་ མང་སྡེ་ཆུ་གློག་མེ་ལས་འགུལ་ཚུ་ བཟོ་བསྐྲུན་འབད་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ ༢ པ་དེ་ དུས་ཅི་ མཇུག་བསྡུ་ཐབས་ལུ་ མཉམ་འབྲེལ་ཐོག་ལས་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་བཞིན་དུ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ ༢ པ་ མཇུག་བསྡུ་བའི་ཤུལ་ལུ་ རྒྱ་གར་གཞུང་གི་ གྲོགས་རམ་ཐོག་ལས་ ལག་ལེན་འཐབ་མི་ འབྲུག་གི་གློག་མེའི་ལྕོགས་གྲུབ་ མེ་ག་ཝཊི་ ༣,༡༥༦ ལུ་ གནས་ནི་ཨིན་པའི་གནས་ཚུལ།





Users Today : 971
Users Yesterday : 2073
This Month : 3044
This Year : 182947
Total Users : 894763
Views Today : 1357
Total views : 2628181
Who's Online : 14