པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ བཀྲེས་སྐོམ་གྱི་ སྡུག་བསྔལ་ཚབས་ཆེན་སྦེ་ར་ཡོདཔ་ལས་ མི་སེར་ཚུ་ལུ་ཤི་རྐྱེན།

ཨཱལ་ཇ་ཟི་ར།
པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ལུ་ བཀྲེས་སྐོམ་གྱི་ སྡུག་བསྔལ་ཚབས་ཆེན་སྦེ་ར་ མྱོང་བཞིན་དུ་ཡོདཔ་ལས་ སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ མི་སེར་ ༡༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
དེ་ཡང་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པ་ལས་ཚུར་ ཨིཛ་རེལ་གྱིས་ ཕྱད་མདའ་རྐྱབ་ནི་ འགོ་བཙུགས་ཡོདཔ་ལས་ ད་ཚུན་གྱི་བར་ན་ བཀྲེས་སྐོམ་དང་ ཟས་བཅུད་མེད་པའི་ གནད་ལུ་བརྟེན་ཏེ་ མི་གྲངས་ ༡༡༡ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་མིའི་གྲས་ལས་ མང་ཤོས་ཅིག་ འཕྲལ་ཁམས་ཀྱི་ བདུན་ཕྲག་ཚུ་ནང་ ཤི་རྐྱེན་བྱུང་ཡོདཔ་སྦེ་ཨིན་པས།
དེ་མ་ཚད་ སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ཡང་ ཨིཛ་རེལ་གྱིས་ གནོད་འཚུབ་ཐོག་ལས་ གྲོགས་རམ་འཚོལ་མི་ ༣༤ གིས་གཙོས་པའི་ ཉུང་ཤོས་ར་ པེ་ལིཛ་ཊིན་གྱི་ མི་སེར་ ༡༠༠ དེ་ཅིག་ དམར་བསད་འབད་ནུག།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ལོ་འདི་ནང་ ཟས་བཅུད་མེད་པའི་གནད་ལས་ ཤི་རྐྱེན་བྱུང་མི་ཚུ་གི་གྲས་ཁར་ ཨ་ལོ་སྐྱེས་ལོ་ ༥ འོག་རྒྱུད་འབད་མི་ ༢༡ ཡོདཔ་སྦེ་ཨིནམ་ད་ ཁོང་གི་ཁ་ཐུག་ལས་ སྤྱི་ཟླ་ ༣ པ་ལས་ ༥ ཚུན་ ཉིན་གྲངས་ ༨༠ དེ་ཅིག་གི་རིང་ལུ་ བཟའ་ཆས་ཚུ་ བསྐྱལ་ཐབས་མ་བྱུང་ཟེར་ བཤད་ཡོདཔ་ཨིན་པས།
མ་གཞི་ ག་ཟའི་ཁྲོམ་ཚོགས་ཀྱི་ཕྱི་ཁར་ བཟའ་འཐུང་དང་ སྨན་དེ་ཚུ་ ཊཱན་སྦེ་ཡོད་རུང་ གྲོགས་རམ་སྡེ་ཚན་ཚུ་ བཀག་ཆ་འབད་དེ་ བཞག་ཡོདཔ་ལས་ བཟའ་ཆས་བཀྲམ་སྤེལ་འབད་མ་ཚུགས་པར་ ག་ཟའི་ཁྲོམ་ཚོགས་ནང་འཁོད་ལུ་ བཀྲེས་སྐོམ་གྱི་ སྡུག་བསྔལ་དེ་ ཚབས་ཆེན་ཅིག་ལུ་ འགྱུར་ཏེ་ཡོདཔ་སྦེ་བཀོད་ནུག།
གྲོགས་རམ་འབད་མི་ ལས་ཚོགས་ཚུ་གི་གྲངས་སུ་ མར་སི་ཀཱོབཛ་དང་ ནོ་ཝེ་སྐྱབས་བཅོལ་ལྷན་ཚོགས་ རྒྱལ་སྤྱི་སྐྱབས་བཅོལ་ལས་ཚོགས་ཚུ་ཡོདཔ་ཨིན་པས།
ད་རེས་ ག་ཟའི་ཁྲོམ་ཚོགས་ནང་ བཀྲེས་སྐོམ་གྱི་ སྡུག་བསྔལ་དེ་ རྫས་བམ་གྱི་ ཉེན་ཁ་བཟུམ་ཅིག་ལུ་ གྱུར་ཏེ་ཡོདཔ་ད་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ལག་ལེན་ཐོག་ལས་ བཟོ་ཡོད་མི་ བཀྲེས་སྐོམ་གྱི་ གནས་སྟངས་ལུ་བརྟེན་ཏེ་ ཁྲོམ་ཚོགས་དེ་ནང་གི་ མི་སེར་ཚུ་ བསྣར་འགྱངས་ཅན་གྱི་ སྡུག་སྦྱོང་ཐོག་ལུ་ ཤི་རྐྱེན་བྱུང་དོ་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

Please follow and like us: