
སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་ཁྲིམས་སྤྱི་བློན་པོ་ གསར་བསྐོས་ཐོག་ལུ་ བདག་རྐྱེན་གྱི་ བཀྲིས་ལེགས་དར་གནང་ཡོདཔ་ད་ དེ་བཟུམ་སྦེ་ ཀུ་ཝེཊ་ལུ་ འབྲུག་གི་གཞུང་ཚབ་དང་ ཇི་ནི་ཝ་ འཛམ་གླིང་སྤྱི་ཚོགས་ནང་ གཏན་འཇགས་སྐུ་ཚབ་ཚུ་ཡང་ བསྐོ་བཞག་ཐོག་ལས་ བཀྲིས་ལེགས་དར་གནང་ནུག།
འབྲུག་གི་ཁྲིམས་སྤྱི་བློན་པོ་གསརཔ་འདི་ མངོན་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ ནོར་བུ་ཚེ་རིང་ཨིནམ་ད་ ཀུ་ཝེཊ་ལུ་ འབྲུག་གི་གཞུང་ཚབ་དེ་ ཐིམ་ཕུ་རྫོང་བདག་སྦེ་ ཕྱག་ཞུ་མི་ ཕུབ་རྡོ་རྗེ་དང་ དེ་ལས་ ཇི་ནི་ཝ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་དེ་ ཚེ་རིང་ལྷ་སྒྲོན་ཨིན་པས།
ཚེ་རིང་ལྷ་སྒྲོན་དེ་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ དཔལ་འབྱོར་དང་ འཕྲུལ་རིག་སྲིད་དོན་ལས་ཁུངས་ཀྱི་ མདོ་ཆེན་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།