མཐའ་ཡས་ལེན་གྱིས་ ཀམ་བོ་ཌི་ཡ་ལུ་ཡོད་མི་ ཁོང་རའི་གཞུང་ཚབ་ ལོག་འབོ་ཡོདཔ།

རོའི་ཊརཛ།
སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ མཐའ་ཡས་ལེན་གྱིས་ ཀམ་བོ་ཌི་ཡ་ལུ་ཡོད་མི་ ཁོང་གི་གཞུང་ཚབ་དེ་ ལོག་འབོ་ཡོདཔ་མ་ཚད་ མཐའ་ཡས་ལེན་ལུ་ཡོད་མི་ ཀམ་བོ་ཌི་ཡའི་ གཞུང་ཚབ་དེ་ཡང་ ཕྱིར་བཏོན་གཏང་ནི་སྦེ་ཨིན་པས།
དེ་ཡང་ རྒྱལ་ཁབ་ ༢ ཀྱི་ ས་མཚམས་ཁར་ ས་འོག་རྫས་བམ་ཅིག་ གས་མིའི་ནང་ མཐའ་ཡས་ལེན་གྱི་ དམག་མི་ཅིག་ལུ་ རྨ་སྐྱོན་བྱུང་ཡོད་པའི་ཤུལ་ལས་ ཕིའུ་མཐའ་ཡས་ སྲིད་ཚོགས་གཞུང་གིས་ གྲོས་ཐག་བཅད་ནུག།
ད་ཚུན་གྱི་རིང་ལུ་ རྒྱལ་ཁབ་ ༢ ཀྱི་ས་ མཚམས་ཁར་ ས་འོག་རྫས་བམ་ཚུ་ བཙུགས་ཡོད་པའི་ ཤུལ་མེད་རུང་ ད་རེས་འབདཝ་ད་ ཀམ་བོ་ཌི་ཡ་གིས་ ས་འོག་ལུ་ རྫས་བམ་གསརཔ་ བཙུགས་ཡོད་པའི་ གནད་དོན་ཐོག་ལུ་ མཐའ་ཡས་ལེན་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ ཀམ་བོ་ཌི་ཡ་ལུ་ ཉོག་བཤད་བཀོད་ཡོདཔ་ཨིན་པས།
དེ་མ་ཚད་ མཐའ་ཡས་ལེན་གྱིས་ ས་མཚམས་བདའ་སྟེ་ཡོད་མི་ ཞིབ་དཔྱད་སྒོ་ར་ཚུ་ཡང་ སྒོ་བསྡམ་དགོ་པའི་ བཀོད་རྒྱ་དང་ ས་མཚམས་དེ་ཚུའི་ནང་ བལྟ་བཤལཔ་ཚུ་ རྩ་ལས་ར་ འཛུལ་མ་ཆོག་པའི་ བཀོད་རྒྱ་ཡང་གནང་ནུག།
དེ་གི་ཧེ་མ་ཡང་ མཐའ་ཡས་ལེན་གྱི་ ས་མཚམས་ནང་འཁོད་ལུ་ ས་འོག་རྫས་བམ་གས་པའི་རྐྱེན་གྱིས་ མཐའ་ཡས་ལེན་གྱི་ དམག་མི་ ༣ ལུ་ རྨ་སྐྱོན་བྱུང་ཡོདཔ་ལས་ མཐའ་ཡས་ལེན་གྱིས་ ཀམ་བོ་ཌི་ཡ་ལུ་ ས་འོག་རྫས་བམ་ཚུ་ བཙུགས་ཡོད་པའི་ ཉོག་བཤད་བཀོད་ཡོདཔ་ཨིན་པས།
ཨིན་རུང་ ཀམ་བོ་ཌི་ཡ་གིས་ མཐའ་ཡས་ལེན་གྱི་ དམག་མི་ཚུ་ ལོ་ངོ་བཅུ་ཕྲག་དག་པ་ཅིག་གི་ཧེ་མ་ ཕྱད་མདའི་སྐབས་ལུ་ བཙུགས་ཡོད་མི་ ས་འོག་རྫས་བམ་ཚུ་ཡོད་སར་ ལམ་འགྲུལ་འབདཝ་ད་ རྨ་སྐྱོན་བྱུང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: