མཐའ་ཡས་ལེན་དང་ ཀམ་བོ་ཌི་ཡའི་བར་ན་ ཕྱད་མདའ་འགོ་བཙུགས་ཡོདཔ།

རོའི་ཊརཛ།

མཐའ་ཡས་ལེན་དང་ ཀམ་བོ་ཌི་ཡའི་ ས་མཚམས་ཁར་ ས་འོག་རྫས་བམ་གས་ཏེ་ མཐའ་ཡས་ལེན་གྱི་ ས་སྲུང་དམག་མི་ ༡ ལུ་ རྨ་སྐྱོན་བྱུང་པའི་ཤུལ་ལས་ ཕྱད་མདའ་འགོ་བཙུགས་ཏེ་ སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ ཉིནམ་ ༢ སོང་ཡོདཔ་ད་ ཕྱད་མདའ་དེ་ནང་ ཉུང་ཤོས་ར་ མི་གྲངས་ ༡༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།

མཐའ་ཡས་ལེན་ དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་ཨུ་བཱོན་ རེཊ་ཅ་ཐ་ནི་དང་ སུ་རིན་ལུ་ རྒྱལ་ཁབ་ ༢ ཀྱི་ དམག་མི་ཚུ་གི་བར་ན་ བྱེལཝ་ལངམ་ད་ ཀམ་བོ་ཌི་ཡའི་ཁ་ཐུག་ལས་ སྒྱོགས་མཚོན་དང་ མི་ཛ་ཡེལ་ཚུ་ ལག་ལེན་འཐབ་ཡོདཔ་ལས་ ས་ཁོངས་དེ་ཚུའི་ནང་ལས་ མི་སེར་འབུམ་ ༡ དེ་ཅིག་ ས་གནས་གཞན་ཁར་ སྤོ་བཤུད་འབད་དགོཔ་ ཐོན་ཡི་ཟེར་ཨིན་པས།

དེ་བསྒང་ མཐའ་ཡས་ལེན་གྱི་ ཁ་ཐུག་ལས་ཡང་ དྲག་པོའི་དམག་མི་ཚུ་གིས་ དམག་འཐབ་ཀྱི་ གནས་སྟངས་དང་བསྟུན་ཏེ་ འོས་འབབ་ཡོད་པའི་ དགྲ་ལན་འཇལ་ཡོདཔ་སྦེ་བཀོད་ནུག།

དེ་ཡང་ ལོ་ངོ་བརྒྱ་ལྷགཔ་ཅིག་གི་རིང་ལུ་ མོས་མཐུན་འབྱུང་མ་ཚུགས་པར་ཡོད་མི་ ས་མཚམས་ཅིག་ནང་ སྤྱི་ཟླ་ ༧ པའི་ཚེས་ ༢༤ ལུ་ རྒྱལ་ཁབ་ ༢ ཀྱི་ དམག་མི་ཚུ་གི་བར་ན་ གོ་མཚོན་ལག་ལེན་ཐོག་ལས་ འབྲེལ་ཟིང་ཅིག་ ཐོན་པའི་ཤུལ་ལས་ ས་ཁོངས་མ་འདྲཝ་ཁག་ ༦ གི་ནང་ མཚོན་ཆ་སྟོབས་ཚུ་ ལག་ལེན་འཐབ་སྟེ་ ཕྱད་མདའ་འགོ་བཙུགས་ཡོདཔ་ཨིན་པས།

དེ་མ་ཚད་ སྤྱི་ཟླ་ ༧ པའི་ཚེས་ ༢༤ ལུ་ མཐའ་ཡས་ལེན་གྱིས་ ཀམ་བོ་ཌི་ཡའི་རྒྱལ་ས་ལས་ མཐའ་ཡས་ཀྱི་གཞུང་ཚབ་ ལོག་འབོ་ནི་དང་གཅིག་ཁར་ ཀམ་བོ་ཌི་ཡའི་ གཞུང་ཚབ་ཡང་ མཐའ་ཡས་ལེན་ལས་ ཕྱིར་བཏོན་འབད་བའི་ཤུལ་ལུ་ ཕྱད་མདའ་ལང་ཡོདཔ་སྦེ་བཀོད་ནུག།

ཕྱད་མདའ་དེ་ནང་ ཞི་བའི་མི་སེར་ ༡༤ བརྩིས་ཏེ་ མི་གྲངས་ ༡༥ ལུ་ ཤི་རྐྱེན་དང་ མི་གྲངས་ ༤༦ ལུ་ རྨ་སྐྱོན་བྱུང་ཡོདཔ་ད་ དེ་སྦེ་ རྨ་སྐྱོན་བྱུང་མིའི་གྲངས་སུ་ དམག་མི་ ༡༥ ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས། ཨིན་རུང་ ཀམ་བོ་ཌི་ཡའི་ གཞུང་གི་ཁ་ཐུག་ལས་ མི་ལུ་ཤི་རྐྱེན་དང་ མི་སེར་སྤོ་བཤུད་ཚུ་གི་སྐོར་ལས་ ག་ནི་ཡང་ བཤད་མ་བཏུབ་པར་ཡོདཔ་ད་ གནས་ཚུལ་བསྡུ་བཀོད་པ་ཚུ་གིས་ ཀམ་བོ་ཌི་ཡ་གཞུང་གི་ མགྲིན་ཚབ་ཅིག་ལུ་ འཕྲལ་ཐོག་གནས་སྟངས་སྐོར་ལས་ དྲི་བ་བཀོད་རུང་ ག་ནི་ཡང་ སླབ་མ་བཏུབ་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: