
པདྨ་དབང་འདུས།
སྤྱི་ཟླ་ ༧ པའི་ཚེས་ ༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མི་དབང་རྒྱལ་སྲས་ལྷན་རྒྱས་ཚུ་ དབུ་བཞུགས་ཐོག་ལས་ དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་གྲུ་ཐང་ བཟོ་བསྐྲུན་གྱི་ ཕྱག་ལཱ་ཚུ་ འགོ་བཙུགས་གནང་པའི་ཤུལ་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ སྤྱི་འཛིན་ཡིག་ཚང་ལས་ རྒྱལ་ཁབ་མཐའ་དབུས་ཀྱི་ ཁས་བླངས་པ་ཚུ་གིས་ འབྱུང་རབས་ཅན་གྱི་ རྒྱལ་ཡོངས་བརྩོན་ཤུགས་དེ་ནང་ གྲལ་གཏོགས་འབད་དགོ་པའི་ ནན་སྐུལ་ གསལ་བསྒྲགས་ཅིག་ ཁྱབ་སྤེལ་གནང་ནུག།
དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་བཟུམ་འབད་བ་ཅིན་ རྒྱལ་སྤྱི་གནམ་ཐང་ བཟོ་བསྐྲུན་གྱི་ ཕྱག་ལཱ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་སྐུ་འཁོར་ལྷན་རྒྱས་ཀྱིས་ འགོ་འབྱེད་རྟེན་འབྲེལ་ མཛད་གནང་མི་དེ་གིས་ འབྲུག་མི་ཡོངས་ཀྱི་རྒྱུད་ལུ་ གཅིག་སྒྲིགལ་གྱི་དྲན་པ་དང་ དཔལ་ཉམས་གཏིང་ཟབ་སྦེ་ བསྐྱེད་དེ་ཡོད་ཟེར་ཨིནམ་ད་ ལས་འགུལ་དེ་ཡང་ མི་སེར་གྱི་ ལས་འགུལ་ཅིག་འབདཝ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགོངས་བཞེད་དེ་ མངོན་གསལ་ཅན་སྦེ་ འགྲུབ་ཐབས་ལུ་ མི་སེར་ཚུ་གིས་ སྤྲོ་ཤུགས་ཀྱི་སྒོ་ལས་ ངོས་ལེན་འབད་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ ངོ་རྐྱང་དང་ བཟའ་ཚང་ གཙུག་སྡེ་དང་ མི་སྡེ་ཚུ་གིས་ ལྷག་བསམ་རྣམ་དག་གི་སྒོ་ལས་ གྲོས་དོན་ཚུ་ བཀོད་དོ་ཡོདཔ་ད་ དེ་བཟུམ་མའི་ གཞི་རྟེན་མཁོ་ཆས་ཉག་གཅིག་མ་ཡིན་པར་ ཁྱབ་ཆེ་བའི་ ཁྱད་ཆོས་ཅན་གྱི་ལས་འགུལ་ལུ་ གཅིག་སྒྲིལ་ཅན་གྱི་ གྲོས་འཆར་བཀོད་མི་ཚུ་གིས་ མཉམ་བསྡོམས་བརྩོན་ཤུགས་ཀྱི་དོན་ལུ་ རྒྱལ་ཡོངས་ཀྱི་ བློ་སྟོབས་དང་ ཁས་ལེན་ཚད་མེད་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་བཀོད་ནུག།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཁ་ཐུག་ལས་ཡང་ རྒྱལ་ཡོངས་ཀྱི་ འཆར་སྣང་འགྲུབ་ཐབས་ལུ་ ས་ཁོངས་གཅིག་གི་དོན་ལས་མེན་པར་ མ་འོངས་པའི་ བརྡ་མཚོན་ཅན་གྱི་ གསར་བཏོད་ལས་དོན་ག་རའི་ནང་ མི་སེར་ག་ར་གིས་ གྲལ་གཏོགས་འབད་ནི་གི་ གོ་སྐབས་ངེས་གཏན་བཟོ་དོ་ཟེར་ཨིན་པས།
གྲལ་གཏོགས་ཚུ་ཡང་ ཀུན་ཚང་དང་ དོན་ཡོད་ཅན་ བཟོ་ཐབས་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱིས་ ཁས་བླངས་པའི་ ཐོ་བཀོད་དོན་ལུ་ ཡོངས་འབྲེལ་འཆར་སྒོ་
https://evolunteerregistra tion.gmc.bt ཟེར་ཅིག་ ཁ་ཕྱེ་ཡོདཔ་ལས་ དང་འདོད་ཡོད་མི་ ངོ་རྐྱང་ཚུ་གིས་ འབྱུང་རབས་ཅན་གྱི་ བརྩོན་ཤུགས་འདི་ནང་ གྲལ་གཏོགས་ཀྱི་དོན་ལས་ ཐོ་བཀོད་འབད་གནང་ཟེར་བཀོད་ནུག།
དེ་ལས་ བརྡ་དོན་ཁ་སྐོང་དང་ ཡང་ཅིན་ གྲོགས་རམ་གྱི་དོན་ལུ་ དྲག་ཤོས་ཉིམ་ཚེ་རིང་དང་གཅིག་ཁར་ འགྲུལ་འཕྲིན་ཨང་ ༡༧༥༥༦༤༣༦ དང་ གློག་འཕྲིན་ཁ་བྱང་ nimtshering@ogz.bt དང་ བཀྲིས་གསལ་སྒྲོན་དཔལ་འབྱོར་དང་ འགྲུལ་འཕྲིན་ཨང་ ༡༧༣༤༣༠༩༨ གློག་འཕྲིན་ཁ་བྱང་ tspenjor@gmc.bt དེ་ལས་ མགོན་པོ་བསྟན་འཛིན་དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༦༦༦ གློག་འཕྲིན་ཁ་བྱང་ gtenzin@nlc.gov.bt གི་ཐོག་ལུ་ འབྲེལ་བ་འཐབ་གནང་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།




Users Today : 951
Users Yesterday : 2073
This Month : 3024
This Year : 182927
Total Users : 894743
Views Today : 1326
Total views : 2628150
Who's Online : 9