
པདྨ་དབང་འདུས།
སྤྱི་ཟླ་ ༧ པའི་ཚེས་ ༢༨ ལུ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱིས་ མེ་ག་ཝཊི་ ༡,༡༢༥ འབད་མི་ རྡོ་རྗེ་ལུང་ གློག་མེ་ལས་འགུལ་གྱི་དོན་ལུ་ འཛུལ་ཞུགས་འཁོར་ལམ་དང་ ཟམ་ཚུ་ བཟོ་བསྐྲུན་གྱི་ལཱ་དེ་ ཁག་འབག་ ༢ ལུ་སྤྲོད་ནུག།
དེ་ཡང་ ཀེ་ཌི་བཟོ་བསྐྲུན་སྒེར་སྡེ་ཚད་འཛིན་དང་ འཆི་མེད་ཨར་ཌི་བཟོ་བསྐྲུན་སྒེར་སྡེ་ཚད་འཛིན་ལུ་ སྤྲོད་ཡོདཔ་བཞིན་དུ་ ཁག་འབག་གི་ གན་ཡིག་གུ་ མིང་རྟགས་ཚུ་ཡང་ ཐིམ་ཕུ་ལུ་ཡོད་མི་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ ཡིག་ཚང་ནང་སྦེ་ བཀོད་ཡོདཔ་ཨིན་པས།
ཀེ་ཌི་བཟོ་བསྐྲུན་སྒེར་སྡེ་ཚད་འཛིན་གྱིས་ དངུལ་ཀྲམ་ས་ཡ་ ༢༠༨ གནས་པའི་ ཀུ་རི་ཆུ་གུ་ལས་ཟམ་དང་ ཀུ་རི་ཆུ་ཕར་ལོགས་ལས་ མཐུད་སྦྲེལ་གྱི་ འཁོར་ལམ་ཚུ་ བཟོ་བསྐྲུན་འབད་ནི་དང་ ཀུ་རི་ཟམ་པའི་ལོགས་ལུ་ གློག་མེ་འཕྲུལ་ཁང་ཉེ་འདབས་ཀྱི་ འཁོར་ལམ་ཚུ་ གནས་གོང་དངུལ་ཀྲམ་ས་ཡ་ ༢༧༡ སྦེ་ འཆི་མེད་ཨར་ཌི་བཟོ་བསྐྲུན་སྒེར་སྡེ་ཚད་འཛིན་གྱིས་ བཟོ་བསྐྲུན་འབད་ནི་སྦེ་ ཁག་འབག་ཐོག་སྤྲོད་ནུག།
ཟམ་དང་ འཁོར་ལམ་དེ་ཚུ་གིས་ ཆུ་མཛོད་དང་ གློག་མེ་འཕྲུལ་ཁང་ ས་དོང་བརྐོ་ནི་ཚུ་གི་དོན་ལུ་ ཅ་ཆས་དང་ འཕྲུལ་ཆས་ཚུ་ སྐྱེལ་འདྲེན་འབད་ནི་ནི་ལུ་ མཐུན་རྐྱེན་སྦྱར་ནི་གིས་མ་དོ་བར་ མི་སྟོབས་སྐྱེལ་འདྲེན་ཚུ་ཡང་ བྱ་སྟབས་བདེ་ཏོག་ཏོ་སྦེ་ བཟོ་ནི་ཨིན་པས།
འཁོར་ལམ་དང་ ཟམ་གྱི་ བཟོ་བསྐྲུན་ཚུ་ མཐའ་འཁོར་གནས་སྟངས་དང་ མི་སྡེ་འཛིན་སྐྱོང་ དེ་ལས་ ལས་གཡོགཔ་གི་ འཕྲོད་བསྟེན་དང་ ཉེན་སྲུང་འཛིན་སྐྱོང་གི་ ལམ་སྟོན་དང་ འཆར་གཞི་ཚུ་ལུ་ དམ་ཟབ་གནས་ཐོག་ལས་ རྒྱལ་སྤྱིའི་གནས་ཚད་དང་བསྟུན་ཏེ་ ལག་ལེན་འཐབ་ནི་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ད་རེས་ འཁོར་ལམ་དང་ ཟམ་གྱི་ གཞི་རྟེན་མཁོ་ཆས་ བཟོ་བསྐྲུན་གྱི་དོན་ལས་ ཁག་འབག་ཐོག་ལུ་ སྤྲོད་མི་དེ་ འཛམ་གླིང་དངུལ་ཁང་གིས་ མ་དངུལ་བསྡུ་སྒྲུབ་ཀྱི་ འགན་ཁུར་གཙོ་བོའི་ཐོག་ལས་ ཊ་ཊ་པ་ཝར་ལས་སྡེ་དང་གཅིག་ཁར་ ཐབས་བྱུས་ཅན་གྱི་ མཉམ་རོགས་འབད་དེ་ རྡོ་རྗེ་ལུང་ གློག་མེ་ལས་འགུལ་ ལག་ལེན་འཐབ་ནིའི་ནང་ གོམ་པ་གལ་ཅན་ཅིག་ མདུན་དུ་སྤོཝ་ཨིན་པས།
འདས་པའི་ལོ་ངོ་ཚུ་ནང་ བརྟག་ཞིབ་དང་ གྲོས་བསྟུན་ཚུ་འབད་བའི་མཐར་ ཆུ་མཛོད་དང་ ས་དོང་ གློག་མེ་འཕྲུལ་ཁང་ཚུ་བཟུམ་མའི་ ཞི་བའི་ལས་སྣ་སྦོམ་ཚུ་ཡང་ སྤྱི་ལོ་ ༢༠༢༦ གི་ ལོ་ཕྱེད་དེ་ཅིག་ལས་ ཁག་འབག་ཐོག་ལུ་ སྤྲོད་ནི་གི་ རེ་འདུན་ཡོདཔ་སྦེ་བཀོད་ནུག།
རྡོ་རྗེ་ལུང་ གློག་མེ་ལས་འགུལ་ལས་ གློག་མེ་རྒྱ་ཆེ་ཏོག་ཏོ་སྦེ་ བརྒྱུད་སྤེལ་འབད་ནི་གི་ བཟོ་སྒྲིག་འབད་ཡོདཔ་ལས་ ལས་འགུལ་དེ་གིས་ རྒྱལ་ཁབ་ཀྱི་ ཡུན་བརྟན་ཅན་གྱི་ སླར་བྱུང་གློག་མེ་གོང་འཕེལ་གྱི་ ཁས་ལེན་ལུ་ ཤུགས་སྣོན་འབྱུང་ནི་ཨིན་པས།
འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱིས་ ལས་འགུལ་དེ་གི་ལཱ་ཚུ་ ཡིད་ཆེས་རུང་བའི་ ས་གནས་ཀྱི་ ཁག་འབགཔ་ཚུ་ལུ་ སྤྲོད་མི་དེ་གིས་ ས་གནས་ཀྱི་ ལྕོགས་གྲུབ་ཡར་དྲགས་དང་ དཔལ་འབྱོར་གྱི་ གོ་སྐབས་གོང་འཕེལ་ མི་སྡེའི་མཉམ་འབྲེལ་བཙན་ཐབས་ཚུ་ འབྱུང་ནི་ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་སྦེ་བཀོད་ནུག།
དེ་མ་ཚད་ ལས་འགུལ་མཇུག་བསྡུ་བའི་ཤུལ་ལུ་ རྒྱལ་ཡོངས་ཀྱི་ ནུས་ཤུགས་ཉེན་སྲུང་དང་ སྤྱིར་བཏང་མི་སྡེའི་དཔལ་འབྱོར་གོང་འཕེལ་ ཡར་དྲགས་གཏང་ཚུགས་ནི་དང་ ནུས་ཤུགས་འཐེབ་ བཟོ་བཏོན་འབད་མི་དེ་ ཕྱིར་ཚོང་ཐོག་ལས་ ལུང་ཕྱོགས་ནང་ བརྒྱུད་ཐག་ཐོག་ལས་ ནུས་ཤུགས་མཐུད་སྦྲེལ་དང་ ཚོང་ལམ་གོང་འཕེལ་ཚུ་ལུ་ བཙན་ཐབས་འབྱུང་ནི་ཨིན་པས།
རྡོ་རྗེ་ལུང་ གློག་མེ་ལས་འགུལ་དང་ འབྲུག་སླར་བྱུང་གློག་མེ་ལས་འགུལ་གྱིས་ འཛམ་གླིང་དངུལ་ཁང་དང་ རྒྱལ་སྤྱིའི་མ་དངུལ་ལས་འཛིན་ ཊ་ཊ་པ་ཝར་ འཛམ་གླིང་དངུལ་ཁང་གི་ འབད་རྩོལ་སྡེ་ཚན་ཚུ་དང་གཅིག་ཁར་ མཉམ་འབྲེལ་དམ་ཟབ་ཀྱི་སྒོ་ལས་ བགོ་བཤའ་འཆང་མི་དང་ སྐྱེད་ཆུང་དང་ གློག་མེ་ཉོ་ཚོང་ཚུ་གི་ ཤུལ་མའི་ཟླཝ་དག་པ་ཅིག་ནང་ མཇུག་བསྡོམས་འབད་ནི་ཨིནམ་སྦེ་བཀོད་ནུག།
ལས་འགུལ་དེ་གི་དོན་ལུ་ དངུལ་འབྲེལ་མཇུག་བསྡོམས་དེ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༦ པའི་ནང་ ལག་ལེན་འཐབ་འབད་ཚུགས་པའི་ རེ་འདུན་ཡོདཔ་ད་ ཐབས་བྱུས་ཅན་གྱི་ མཉམ་འབྲེལ་པ་ཚུ་གིས་ དངུལ་འབྲེལ་མཇུག་བསྡོམས་ཀྱི་སྔ་གོང་ལུ་ ཟླ་ངོ་ ༦༠ གི་ བཟོ་བསྐྲུན་ལས་འཆར་གྱི་དོན་ལས་ བརྩོན་ཤུགས་ག་དེ་དྲག་དྲག་ བསྐྱེད་དོ་ཟེར་ཨིན་པས།
ལས་འགུལ་དེ་ དུསཚོད་ཁར་ བསྒྲུབ་ཐབས་ལུ་ འཛམ་གླིང་དངུལ་ཁང་གིས་ ལས་འགུལ་གྲ་འགྲིག་མཐུན་རྐྱེན་གྱི་དོན་ལས་ ཡུ་ཨེཛ་ཌོ་ལར་ས་ཡ་ ༦ དང་ གནང་སྦྱིན་གྱི་ རྒྱབ་སྐྱོར་སྦེ་ ཡུ་ཨེཛ་ཌོ་ལར་ས་ཡ་ ༣ གྱི་ གནང་བ་གྲོལ་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1390624
Views Today :
Total views : 5000
Who's Online :