
རོའི་ཊརཛ།
ཨཱཛ་ཊྲེ་ལི་ཡ་གིས་ ན་ཆུང་ཚུ་གི་དོན་ལུ་ བརྙན་ཐུང་བརྗེ་སོར་གྱི་ མི་སྡེ་བརྡ་བརྒྱུད་ཡུ་ཊུབ་དེ་ ཁྲིམས་དོན་གྱི་ དོ་འགྲན་ཡོདཔ་ལས་ ཧེ་མ་ བཀག་དམ་འབད་ཡོད་མི་ མི་སྡེ་བརྡ་བརྒྱུད་ཚུ་གི་གྲས་ཁར་ མ་བཙུགས་པར་ བཞག་ཡོད་རུང་ ད་རེས་འབདཝ་ད་ ཡངས་ཆག་མེད་པར་ བཀག་དམ་འབད་ནི་ཟེར་ཨིན་པས།
གྲོས་ཆོད་དེ་ཡང་ ཡོངས་འབྲེལ་བལྟ་རྟོག་སྡེ་ཚན་ཅིག་གིས་ ཞིབ་དཔྱད་ཚུ་འབད་བའི་སྐབས་ལུ་ ན་ཆུང་བརྒྱ་ཆ་ ༣༧ གྱིས་ ཡུ་ཊུབ་ནང་ གནོད་ཉེན་ཡོད་པའི་ ནང་དོན་ཚུ་ཡོདཔ་སྦེ་ བཤད་པའི་མཐར་ བལྟ་རྟོག་སྡེ་ཚན་དེ་གིས་ གཞུང་ལུ་ མི་སྡེ་བརྡ་བརྒྱུད་དེ་ ན་ཆུང་ཚུ་གི་དོན་ལས་ བཀག་དམ་འབད་དགོ་པའི་ ནན་སྐུལ་ཐོག་ལུ་བཏོན་ནུག།
ཨཱཛ་ཊྲེ་ལི་ཡའི་བློན་ཆེན་ ཨེན་ཐོ་ནི་ ཨཱལ་བ་ནིཛ་གིས་ བཀག་དམ་དེ་ལུ་ རྒྱབ་སྐྱོར་ཡོདཔ་སྦེ་ བཤད་ཡོདཔ་མ་ཚད་ ཡོངས་འབྲེལ་གྱི་ གྲོས་གནས་ཚུ་གིས་ ཨཱཛ་ཊྲེ་ལི་ཡའི་ ན་ཆུང་ཚུ་ལུ་ གནོད་པ་འབྱུང་དོ་ཡོད་པའི་སྐོར་ལས་དང་ མི་སྡེའི་འགན་ཁུར་ཚུ་གི་སྐོར་ལས་ དྲན་བརྡ་ཡང་འབད་ཡོདཔ་ཨིན་པས།
ཡུ་ཊུབ་དེ་ ཨཱཛ་ཊྲེ་ལི་ཡའི་ ཨ་ལོ་སྐྱེས་ལོ་ ༡༣ ལས་ ༡༥ གི་བར་ན་འབད་མི་ བཞི་དཔྱ་ ༣ དེ་ཅིག་གིས་ ལག་ལེན་འཐབ་དོ་ཡོདཔ་ད་ ཡུ་ཊུབ་དེ་གི་ ལས་དོན་གཙོ་བོ་ར་ བརྙན་ཐུང་བཀྲམ་སྤེལ་འབད་ནི་དེ་ཨིནམ་ལས་ མི་སྡེ་བརྡ་བརྒྱུད་ཀྱི་ དབྱེ་བའི་ནང་ མི་ཚུད་ནི་ཨིན་པས་ཟེར་བཀོད་ནུག།
ན་ཧིང་འབད་བ་ཅིན་ ཡུ་ཊུབ་དེ་ སློབ་དཔོན་ཚུ་གིས་ ཁྱབ་ཆེ་ཏོག་ཏོ་སྦེ་ ལག་ལེན་འཐབ་ལས་ བཀག་དམ་དགོངས་ཡངས་ཐོག་ལུ་ མི་སྡེ་བརྡ་བརྒྱུད་ མེ་ཊ་དང་ ཕེཛ་བུག་ ཨིནཛ་ཊེ་ག་རམ་ སི་ནུབ་ཅེཊ་ ཊིག་ཊོག་ཚུ་ བཀག་དམ་འབད་ཡོདཔ་ལས་ ད་རེས་ ཉོག་བཤད་བཀོད་མི་ཚུ་ཡང་ འཐོན་དོ་ཡོདཔ་ཨིན་པས།
ཡོངས་འབྲེལ་ཉེན་སྲུང་འགོ་དཔོན་ ཨ་ཌམ་མ་རེ་གིས་ ཡུ་ཊུབ་དང་འདྲ་བའི་ མི་སྡེ་བརྡ་བརྒྱུད་ཚུ་གིས་ བརྡ་དོན་རྫུན་མ་ཚུ་ ཁྱབ་སྤེལ་འབོར་ཆེ་ཏོག་ཏོ་སྦེ་ར་ གཏང་དོ་ཡོདཔ་ལས་ ཨཱཛ་ཊྲེ་ལི་ཡ་གཞུང་གིས་ ཡུ་ཊུབ་དམ་འཛིན་འབད་ནི་དེ་ ཨ་ལོ་ཚུ་གི་ ཉེན་སྲུང་ལུ་ གལ་ཆེ་བའི་ མདུན་ལམ་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 983
Users Yesterday : 1379
This Month : 983
This Year : 229824
Total Users : 941640
Views Today : 2550
Total views : 2741593
Who's Online : 3