
སི་ཨེན་ཨེན།
སྤྱི་ཟླ་ ༨ པའི་ཚེས་ ༤ ལུ་ འཛམ་གླིང་སྤྱི་ཚོགས་ གནས་སྤོ་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡེ་མན་ཉེ་འདབས་ཀྱི་ རྒྱ་མཚོའི་ནང་ གྲུ་ཆུང་ ༡ ཐིམ་སོངཔ་ལས་ ཨཱཕ་རི་ཀའི་ མི་ཁུངས་ ༦༨ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ གཞན་མི་ ༧༤ འཚོལ་མ་ཐོབ་ཨིན་པས།
ཡེ་མན་ཉེ་འདབས་ཀྱི་ རྒྱ་མཚོའི་ནང་ གྲུ་ཟིང་མང་རབས་ཅིག་ལུ་ ཐུག་རྐྱེན་བྱུང་མི་ཚུ་ནང་ འགྲུལ་པ་བརྒྱ་ཕྲག་ལས་བཅད་མི་ཚུ་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་ཡང་ ཨཱཕ་རི་ཀའི་ མི་སེར་ཚུ་ ཁོང་རའི་རྒྱལ་ཁབ་ནང་ དབུལ་ཕོངས་དང་ ཟིང་འཁྲུག་གི་ དཀའ་ངལ་ཚུ་ བྱུང་མི་ལུ་བརྟེན་ཏེ་ ཨ་རབ་རྒྱལ་ཁབ་ཚུ་ནང་ བདེ་སྐྱིད་ལོངས་སྤྱོད་ཀྱི་ རེ་འདུན་ཐོག་ལུ་ བྱོག་འགྱོ་དོ་ཡོདཔ་སྦེ་བཀོད་ནུག།
དེ་སྦེ་ རྒྱ་མཚོའི་ནང་ཐིམ་མི་ གྲུ་ཆུང་ནང་ ཨི་ཐི་ཡོ་པི་ཡའི་ རྒྱལ་ཁབ་ལས་ མི་གྲངས་ ༡༥༤ ཡང་ཡོདཔ་ད་ ཤི་རྐྱེན་བྱུང་མི་ ༥༤ གི་ཕུངམོ་ཚུ་ མཚོ་རླབས་ཀྱིས་ མཚོ་འགྲམ་ལུ་ འཕྱག་སྟེ་བསྐྱལ་ཡོདཔ་ཨིན་པས།
དེ་ལས་ མི་གྲངས་ ༡༤ རྒྱ་མཚོའི་ནང་ར་ ཤི་ཡོདཔ་སྦེ་ མཐོང་ཡོདཔ་ད་ འགྲུལ་པ་ཚུ་གི་གྲས་ལས་ མི་གྲངས་ ༡༢ འབད་མི་ཅིག་ གསོན་པོ་སྦེ་ ཐོབ་ཡོད་རུང་ གཞན་མི་ཚུ་ འཚོལ་མ་ཐོབ་ལས་ ཤི་མིའི་གྲངས་སུ་ བརྩིས་ཡོདཔ་སྦེ་བཀོད་ནུག།
གྲུ་ཆུང་ཐིམ་སའི་ མངའ་སྡེ་ཨ་བི་ཡཱན་གྱི་ སྲུང་སྐྱོབ་ལས་ཁུངས་ཀྱིས་ ཤི་རྐྱེན་བྱུང་མི་དང་ བྱང་སྟོར་ཤོར་མི་ མང་རབས་ཅིག་ཡོདཔ་ལས་ ཁོང་གིས་ འཚོལ་ཞིབ་དང་ སྲོག་སྐྱབས་ཀྱི་ལཱ་ཚུ་ ཁྱབ་ཆེ་ཏོག་ཏོ་སྦེ་ ལག་ལེན་འཐབ་པའི་སྐབས་ལུ་ ཕུངམོ་ཚུ་ མཚོ་འགྲམ་གྱི་ ས་ཁོངས་ག་ལྷོད་སར་ ཁ་གཏོར་ཏེ་ཡོདཔ་སྦེ་ མཐོང་ཅི་ཟེར་ཨིན་པས།
སྤྱི་ལོ་ ༢༠༢༤ ལུ་ ཨཱཕ་རི་ཀ་ལས་ གནས་སྤོ་འགྱོ་མི་ ༦༠,༠༠༠ ལྷགཔ་ཅིག་དང་ སྤྱི་ལོ་ ༢༠༢༣ ལུ་ མི་གྲངས་ ༩༧,༢༠༠ དེ་ཅིག་ ཡེ་མན་ལུ་ ལྷོད་ཡོདཔ་ད་ ད་རེས་ནངས་པར་ ཡེ་མན་གྱི་ ཁ་ཐུག་ལས་ རྒྱ་མཚོ་སྐོར་སྲུང་དེ་ སྔར་བ་ལྷགཔ་སྦེ་ བཙན་ཏོག་ཏོ་ བཟོ་མི་ལུ་བརྟེན་ཏེ་ ཡེ་མན་ལུ་ གནས་སྤོ་འགྱོ་མི་ མར་བབས་སོང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1432861
Views Today :
Total views : 5000
Who's Online :