
རོའི་ཊརཛ།
སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ མི་ཛ་ཡེལ་ཚུ་བརྩིས་ཏེ་ གོ་མཚོན་ཚུ་ མཁོ་སྤྲོད་འབད་ནི་ལུ་ ལྷན་ཐབས་ཀྱི་དོན་ལས་ སུའི་ཌེན་དང་ ནོར་ཝེ་ ཌེན་མཱག་རྒྱལ་ཁབ་ཚུ་གིས་ ཌོ་ལར་ས་ཡ་ ༥༠༠ བྱིན་ནི་སྦེ་ཨིནམ་ད་ དེ་ཡང་ ཡུ་ཀེ་རེན་ རྒྱལ་ཁབ་དེ་ ར་ཤི་ཡ་ལས་ སྲུང་སྐྱོབ་འབད་ཐབས་ལུ་ཨིན་པས།
ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་ཁ་ཐུག་ལས་ གོ་མཚོན་ཚུ་ ཡུ་རོབ་མཐུན་འབྲེལ་རྒྱལ་ཁབ་ཚུ་གིས་ རིན་གོང་སྤྲོད་ཐོག་ལས་ མཁོ་སྤྲོད་འབད་ནི་ཨིནམ་སྦེ་ བཤད་ཡོད་རུང་ ཐབས་ལམ་ག་ཅི་བཟུམ་ཅིག་ ལག་ལེན་འཐབ་ནི་ཨིན་ནའི་སྐོར་ལས་ བརྡ་སྟོན་འབདཝ་སྦེ་བཀོད་ནུག།
ནོར་ཝེའི་སྲུང་སྐྱོབ་བློན་པོ་ ཊོ་རེ་ཨོ་སཱན་བིག་གིས་ བརྗོད་དོན་ཅིག་ནང་ ཁོང་གིས་ ཡུ་ཀེ་རེན་ལུ་ དགོས་མཁོ་ཆེ་བའི་ གོ་མཚོན་ཚུ་ ག་དེ་མགྱོགས་མགྱོགས་ འཐོབ་ཐབས་བཟོ་ནི་ཨིནམ་མ་ཚད་ ཡུ་ཀེ་རེན་གྱི་ སྲུང་སྐྱོབ་དང་ ཞི་བདེའི་དོན་ལུ་ཡང་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ མཉམ་འབྲེལ་དེ་ཡང་ བཙན་ཐབས་འབད་ནི་ཨིན་ཟེར་ བཀོད་དེ་ཡོདཔ་ཨིན་པས།
ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ གོ་མཚོན་གྲོགས་རམ་དེ་གིས་ ཡུ་རོབ་ལུ་ ཡུན་བརྟན་་སྲུང་སྐྱོབ་ཀྱི་ གཞི་འགྱམ་གསརཔ་ བཙུགས་དོ་བཟུམ་མའི་ བརྡ་མཚོན་སྟོན་ཡོད་ལུགས་དང་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ འཐུས་མི་རྒྱལ་ཁབ་གཞན་ཚུ་ལུ་ཡང་ ཨ་མི་རི་ཀ་དང་ ཡུ་རོབ་ཀྱི་བར་ན་ སྲུང་སྐྱོབ་ཀྱི་ འབྲེལ་བ་བཙན་ནིའི་དོན་ལས་ དཔེ་གཞི་སྒྲིང་སྒྲིང་ཅིག་ལུ་ འགྱུར་ནི་ཨིན་པས་ཟེར་བཀོད་ནུག།
ཌེན་མཱག་གི་ སྲུང་སྐྱོབ་བློན་པོ་གིས་ ཁོང་གི་ཁ་ཐུག་ལས་ མ་དངུལ་དེ་ དེ་འཕྲལ་ལས་ བྱིན་ཆོག་ཆོག་ཡོད་པའི་ཁར་ མ་དངུལ་ཁ་སྐོང་དགོ་རུང་ བྱིན་ནི་ཨིན་ཟེར་ བཤད་ཡོདཔ་ད་ ད་རེས་ ཌེན་མཱག་གིས་ ཌོ་ལར་ས་ཡ་ ༩༠ དང་ ནོར་ཝེ་གིས་ ཌོ་ལར་ས་ཡ་ ༡༤༦ དེ་ལས་ སུའི་ཌེན་གྱིས་་ ཌོ་ལར་ས་ཡ་ ༢༧༥ བྱིན་ནི་སྦེ་ ཐག་བཅད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1390624
Views Today :
Total views : 5000
Who's Online :