
པདྨ་དབང་འདུས།
སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ ཨེ་ཤི་ཡའི་ནང་ ཨང་ཅན་དངུལ་ཁང་དང་པ་ ཨོ་རོ་དངུལ་ཁང་གིས་ རྒྱལ་སྤྱིའི་གནས་རིམ་ནང་ དངོས་གནས་སྤྲོད་ལེན་གྱི་འགོ་ཁྲིདཔ་ ནི་ཡམ་དང་གཅིག་ཁར་ མཉམ་འབྲེལ་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག།
དེ་ཡང་ ཨོ་རོ་དངུལ་ཁང་གིས་ ཚོང་མགྲོན་པ་ཚུ་ལུ་ འགྲན་ཟླ་མེད་པའི་སྒོ་ལས་ གླ་འཐུས་རན་ཏོག་ཏོ་དང་ འཇམ་ཏོང་ཏོ་གི་ཐོག་ལས་ རྒྱལ་སྤྱིའི་གནས་རིམ་ནང་ མགྱོགས་དྲགས་སྦེ་ དངུལ་སྤྲོད་ལེན་ཚུ་གི་ གོ་སྐབས་བྱིན་ནི་ལུ་ གལ་གནད་ཆེ་བའི་ མདུན་བསྐྱོད་ཀྱི་ བརྡ་མཚོན་སྟོནམ་ཨིན་པས།
མཉམ་འབྲེལ་དེ་ལུ་བརྟེན་ཏེ་ རྒྱལ་སྤྱིའི་གནས་རིམ་ནང་ རྒྱལ་ཁབ་ ༢༢༠ དེ་ཅིག་གི་ ཚོང་ལམ་ ༡༠༠ ལྷགཔ་ཅིག་ལུ་ དངུལ་གཏོང་ལེན་ཚུ་ དངོས་གནས་སྦེ་ ལག་ལེན་འཐབ་ཚུགས་ནི་དང་ ད་རེས་ཀྱི་ ལམ་ལུགས་དང་ཕྱདཔ་ད་ མགྱོགས་ཤུགས་ཅན་ཡོད་པའི་ཁར་ འཐུས་ཚུ་ཡང་ ཉུང་སུ་ཅིག་ལས་ མི་ཕོག་ནི་ཨིནམ་སྦེ་བཀོད་ནུག།
ཨོ་རོ་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ མ་ཡེག་ཀ་ཡ་མོ་རི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨོ་རོ་དངུལ་ཁང་གི དམིགས་ལཱ་དེ་ར་ རྒྱལ་སྤྱིའི་དཔལ་འབྱོར་ནང་ ནུས་སྟོབས་ཀྱི་སྒོ་ལས་ ཡར་འཕེལ་གཏང་ནི་དེ་ཨིནམ་ལས་ ད་རེས་ ནི་ཡམ་དང་གཅིག་ཁར་ མཉམ་འབྲེལ་འབད་མི་དེ་གིས་ ཚོང་མགྲོན་པ་ཚུ་ལུ་ དངོས་གནས་ཐོག་ལས་ གླ་འཐུས་རན་ཐོག་ཏོ་སྦེ་ རྒྱལ་སྤྱིའི་དངུལ་གཏོང་ལེན་ཚུ་ མགྱོགས་དྲགས་དང་ དྭངས་གསལ་གྱི་སྒོ་ལས་ ལག་ལེན་འཐབ་ནི་གི་ གོ་སྐབས་ཚུ་ སྤྲོད་ཚུགས་ཟེར་ཨིན་པས།
ཨོ་རོ་དངུལ་ཁང་དང་ ནི་ཡམ་མཉམ་འབྲེལ་གྱི་ ཁེ་ཕན་ཚུ་ཡང་ གོང་འཁོད་བཟུམ་སྦེ་ དངོས་གནས་ཐོག་ལས་ འཛམ་གླིང་རྒྱལ་ཁབ་མ་འདྲཝ་ཚུ་ལུ་ དངུལ་སྤྲོད་ལེན་ཚུ་ ལག་ལེན་འཐབ་ཚུགས་ནི་དང་ ཚོང་མགྲོན་པ་ཚུ་གི་ དགོས་མཁོ་མ་འདྲཝ་ཚུ་དང་བསྟུན་ཏེ་ ཕྱི་དངུལ་ག་བཟུམ་ཅིག་གི་ནང་ཡང་ བརྩོན་ཤུགས་བསྐྱེད་མ་དགོ་པར་ སྤྲོད་ལེན་འབད་ཚུགསཔ་མ་ཚད་ ཚོང་མགྲོན་པ་ཚུ་གིས་ བརྗེ་སོར་ཐང་གཞི་ཚུ་ཡང་ དུས་ཡུན་ཆུ་ཚོད་ ༢༤ གི་རིང་ལུ་ ཐང་ཐིགས་གཅིག་ཁར་ འགྱུར་བ་མེདཔ་སྦེ་ བཞག་ཚུགས་ནི་ཨིནམ་སྦེ་བཀོད་ནུག།
མཉམ་འབྲེལ་དེ་ལུ་བརྟེན་པའི་ ཡར་དྲག་གཞན་ཡང་ སྤྲོད་ལེན་རེ་རེ་བཞིན་དུ་ ཉེན་སྲུང་འབད་ནིའི་དོན་ལས་ ཉེན་སྲུང་གི་ བྱ་སྒོ་ཚུ་ཡང་ བྱ་སྟབས་བདེ་ཏོག་ཏོ་ འོང་ནི་ཨིནམ་ལས་ བློ་གཏད་དང་ ཡིད་ཆེས་ཚུ་ཡང་ གོང་འཕེལ་གཏང་ཚུགས་ནི་ཨིན་པས།
དེ་གི་ནང་ལས་ཡང་ ཨོ་རོ་དངུལ་ཁང་གི་ ད་ལྟོ་ཡོད་མི་ ཞབས་ཏོག་ཚུ་གིས་ མ་འོངས་པའི་ གསར་བཏོད་ཚུ་ལུ་ དངུལ་འབྲེལ་འཕྲུལ་རིག་གི་ གཞི་འགྱམ་ཡང་ བཙུགས་ནི་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1390476
Views Today :
Total views : 5000
Who's Online :