རྒྱ་པཱན་རྒྱལ་ཁབ་ནང་ སྐྱེས་ལོ་ ༡༡༤ འབད་མི་ ཌོག་ཊར་ཤི་གི་ཀོ་ ཀ་ག་ཝ་དེ་ མི་རྒས་ཤོས་ལུ་གྱུར་ཡོདཔ།

ཀརྨ་རྡོ་རྗེ།  ཨེ་བི་སི།  

སྤྱི་ཟླ་ ༨ པའི་ཚེས་ ༤ ལུ་ རྒྱ་པཱན་གྱི་ གསོ་བ་དང་ ལཱ་གཡོག་ ཕན་བདེ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ སྐྱེས་ལོ་ ༡༡༤ འབད་མི་ མི་ཡོ་ཀོ་ ཧི་རོ་ཡ་སུ་ ཤི་བའི་ཤུལ་ལུ་ ན་ར་མངའ་སྡེ་ལས་ སྐྱེས་ལོ་ ༡༡༤ འབད་མི་ ཌོག་ཊར་ཤི་གི་ཀོ་ ཀ་ག་ཝ་དེ་ མི་རྒས་ཤོས་ལུ་ གྱུར་ཡོདཔ་ཨིན་པས།

ཨང་རྒས་ཀ་ག་ཝ་དེ་ འཛམ་གླིང་དམག་ཆེན་ ༢ པའི་ཧེ་མར་ གསོ་བའི་སློབ་གྲྭ་ལས་ ཤེས་ཡོན་མཐར་འཁྱོལ་ཏེ་ དམག་འཁྲུག་གི་སྐབས་ལུ་ ཨོ་ས་ཀའི་ སྨན་ཁང་ནང་ ཕྱག་ཞུ་བའི་ཤུལ་ལས་ མོ་རའི་བཟའ་ཚང་གི་ སྨན་ཁང་ཅིག་ནང་ མོ་ནད་མཁས་མཆོག་ཅིག་སྦེ་ ལཱ་འབད་དེ་ སྐྱེས་ལོ་ ༨༦ ལུ་ དགོངས་ཞུ་འབད་ནུག།

དེ་ལས་ སྐྱེས་ལོ་ ༡༠༩ ལངམ་ད་ སྤྱི་ལོ་ ༢༠༢༡ ལོར་ ཊོ་ཀི་ཡོའི་ ཨོ་ལིམ་པིག་ རྩེད་མགྲན་སྐབས་ལུ་ ཨོ་ལིམ་པིག་གི་ རྒྱལ་རབས་ནང་ མེ་ཆབ་འབག་མི་ རྒན་ཤོས་ཅིག་ཡང་ཨིན་པས།

ཨང་རྒས་དེ་གིས་ གཟུགས་ཁམས་ལེགས་ཤོམ་སྦེ་ བཞག་ཐབས་ལུ་ དམིགས་བསལ་གྱི་ ལས་རིམ་ཅིག་ ག་ནི་ཡང་མེད་རུང་ ཉིན་བསྟར་བཞིན་དུ་ དུས་ཚོད་ཁར་ ཉལ་ནི་དང་ ལོང་ནི་ བཞེས་སྒོ་ལེགས་ཤོམ་ ཨ་ཙི་རེ་སྦེ་ ཚར་ ༣ རེ་ ཟ་ནི་དེ་ར་ཨིན་པའི་སྐོར་ལས་ གསལ་བཤད་འབད་ནུག།

རྒྱ་པཱན་རྒྱལ་ཁབ་ནང་ སྤྱིར་བཏང་ལུ་ མི་རློབས་མར་ཕབ་འགྱོ་དོ་ཡོད་རུང་ མི་རྒས་ཤོས་ཚུ་ འཕྲོ་མཐུད་དེ་ར་ ཡར་སེང་འགྱོ་དོ་ཡོདཔ་ད་ དེ་ཡང་ ནང་སྲིད་དང་ བརྒྱུད་འབྲེལ་ལྷན་ཁག་ལས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༩ པའི་ཚེས་ ༡ ཚུན་ལུ་ མི་སེར་ས་ཡ་ ༣༦ ལས་ བརྒྱ་ཆ་ ༢༩ དེ་ཅིག་ སྐྱེས་ལོ་ ༦༥ ཡན་ཆད་འབད་མི་ཚུ་ཨིནམ་སྦེ་ བཤདཔ་ཨིན་པས།

དེ་འབདཝ་ལས་ འཛམ་གླིང་ནང་ མི་རྒས་ཤོས་ མཐོ་ཤོས་ཡོད་པའི་ རྒྱལ་ཁབ་ཅིག་ཨིནམ་ད་ ད་རེས་ནངས་པར་ སྐྱེས་ལོ་ ༨༠ ཡན་ཆད་འབད་མི་ བརྒྱ་ཆ་ ༡༠ དེ་ཅིག་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: