བང་ལ་དེཤ་ལུ་ གཞུང་བཙག་འཐུ་ འགོ་འདྲེན་འཐབ་ནི།

བི་བི་སི།

སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ བང་ལ་དེཤ་གི་ བློན་ཆེན་བགྲེསཔ་ ཤེག་ཧ་སི་ན་དེ་ རྒྱལ་ཁབ་ནང་ལས་ བཙན་བྱོལ་འབད་དེ་ ལོ་ ༡ འཁོར་མི་དང་བསྟུན་ཏེ་ གནས་སྐབས་ཀྱི་བློན་ཆེན་ མུ་ཧ་མེད་ ཡུ་སུཕ་གིས་ སང་ཕོད་ སྤྱི་ཟླ་ ༢ པའི་ནང་ གཞུང་བཙག་འཐུ་ འགོ་འདྲེན་འཐབ་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ་ལས་ མི་སེར་ལ་ལོ་ཅིག་གིས་ རྒྱལ་ཁབ་རང་དབང་ ལན་ཐེངས་ ༢ པ་ ཐོབ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་ དགའ་སྤྲོའི་ཐོག་ལས་ བཤདཔ་ཨིན་པས།

ཤེག་ཧ་སི་ན་དེ་ བང་ལ་དེཤ་གི་ བློན་ཆེན་སྦེ་ མི་ལོ་ ༡༥ འཁོར་བའི་ཤུལ་ལས་ སློབ་ཕྲུག་ཚུ་གིས་ ངོ་རྒོལ་འབད་བ་ལུ་བརྟེན་ཏེ་ ན་ཧིང་ སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ རྒྱ་གར་རྒྱལ་ཁབ་ནང་ བྱོག་འགྱོ་བའི་ཤུལ་ལས་ འཛམ་གླིང་ཞི་བདེའི་ རྟགས་མ་ཐོབ་མི་ ཡུ་ནུཛ་དེ་ གནས་སྐབས་ཀྱི་ བློན་ཆེན་སྦེ་ བསྐོ་བཞག་འབད་ཡོདཔ་ལས་ ཁོ་གིས་ཡང་ རྒྱལ་ཁབ་ཞི་བདེ་འི་དོན་ལུ་ འཕྲོ་མཐུད་དེ་ར་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་སྦེ་བཀོད་ནུག།

མ་གཞི་ ཡུ་ནུཛ་གིས་ གཞུང་བཙག་འཐུ་དེ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༦ པའི་ནང་ འགོ་འདྲེན་འཐབ་ནི་གི་ གྲོས་འཆར་བཀོད་ཡོདཔ་ལས་ སྲིད་ཚོགས་ཚུ་གི་བར་ན་ ཁ་འཆམས་མ་ཚུགས་རུང་ ད་རེས་འབདཝ་ད་ སང་ཕོད་ སྤྱི་ཟླ་ ༢ པའི་ནང་ བཙག་འཐུ་འགོ་འདྲེན་འཐབ་ནི་ཨིན་པའི་སྐོར་ལས་ བཙག་འཐུ་ལྷན་ཚོགས་ལུ་ ཞུ་བ་ཕུལ་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ བཙག་འཐུ་དེ་ནང་ བང་ལ་དེཤ་ ནེ་ཤ་ན་ལིཛ་ སྲིད་ཚོགས་དང་ ཨིཛ་ལ་མིཛ་ ཇ་མཱཏ་ཨི་ཨིཛ་ལ་མི་ སྲིད་ཚོགས་གཉིས་ཆ་ར་ལས་ ངོ་ཚབ་ཚུ་གིས་ གྲལ་གཏོགས་འབད་ནི་ཨིན་པས།

གནས་སྐབས་ཀྱི་བློན་ཆེན་ ཡུ་ནུཛ་གིས་ སློབ་ཕྲུག་ཚུ་གིས་ ངོ་རྒོལ་འབད་མི་ལུ་ ངོས་ལེན་ཐོག་ལས་ སྤྱི་ཟླ་ ༧ པའི་ གསལ་བསྒྲགས་ཟེར་མི་ རྒྱལ་ཁབ་གཞི་སྒྱུར་འབད་ནི་གི་ ཁས་ལེན་དེ་ཡང་ ལྷག་བྱིན་ཡོདཔ་ད་ ཤེག་ཧ་སི་ནའི་སྐབས་ལུ་ འགྲོ་བ་མིའི་དབང་ཆ་ལས་ འགལ་ཤོར་སྦོམ་སྦེ་ར་ བྱུང་ཡོདཔ་མ་ཚད་ མོ་གི་སྲིད་ཚོགས་ལུ་ རྒྱལ་འགལ་འབད་མི་ཚུ་ཡང་ བཙོན་ཁང་ནང་བཙུགས་ཏེ་ ལ་ལོ་ཅིག་ དམར་བསད་འབད་ཡོདཔ་སྦེ་ཡང་བཀོད་ནུག།

ཤེག་ཧ་སི་ནའི་ ཨ་ཝ་མི་ལིག་ སྲིད་ཚོགས་ཀྱི་གཞུང་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༧ པ་དང་ ༨ པའི་ནང་ སློབ་ཕྲུག་ཚུ་གིས་ ཞི་གཡོག་སྐལ་བཟོའི་ ལམ་ལུགས་ཀྱི་རྒྱབ་འགལ་ལུ་ ངོ་རྒོལ་འབད་བའི་ཤུལ་ལས་ ཧྲམ་བཏང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: