འབྲུག་དང་ མོང་གོ་ལི་ཡའི་བར་ན་ ཟུང་ཕྱོགས་གྲོས་བསྟུན་ཞལ་འཛོམས།

སྤྱི་ཟླ་ ༨ པའི་ཚེས་ ༧ ལུ་ འབྲུག་དང་ མོང་གོ་ལི་ཡའི་བར་ན་ ཟུང་ཕྱོགས་གྲོས་བསྟུན་ཞལ་འཛོམས་ ཐེངས་དང་པ་དེ་ ཨུ་ལཱན་བ་ཏར་ལུ་སྦེ་ ཚོགས་གནང་ནུག།

དེ་བསྒང་ ཞལ་འཛོམས་དེ་ནང་ འབྲུག་གི་ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་དྲུང་ཆེན་ པདྨ་ཆོས་སྒྲོན་དང་ མོང་གོ་ལི་ཡའི་ ཕྱི་འབྲེལ་ལྷན་ཁག་གི་ རྒྱལ་ཁམས་དྲུང་ཆེན་ མུང་ཏུ་ཤིག་ ལ་ཁ་ན་ཇབ་གཉིས་ཀྱིས་ མཉམ་འབྲེལ་ཁྲི་འཛིན་འབད་ཡོདཔ་ཨིན་པས། 

འབྲུག་དང་མོང་གོ་ལི་ཡའི་ འཐུས་མི་ཚུ་གིས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༧ པའི་ནང་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མོང་གོ་ལི་ཡ་ལུ་ གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་མི་དེ་ སེམས་ཁར་དྲན་ཏེ་ ཕྱོགས་གཉིས་ཆ་རའི་ཁ་ཐུག་ལས་ མོས་མཐུན་ཅན་གྱི་གོ་དོན་དང་ མཉམ་འབྲེལ་གུ་གཞི་བརྟེན་ཏེ་ མཐུན་ལམ་གཏིང་ཟབ་བཟོ་ནི་གི་ ཁས་ལེན་འབད་ཡོདཔ་དང་ གྲོས་བསྟུན་ཚུ་ཡང་ ཤེས་རིག་དང་ ལམ་སྲོལ་ སོ་ནམ་ དེ་ལས་ མི་སེར་གཉིས་ཀྱི་བར་ན་ བརྗེ་སོར་ཡར་དྲག་གཏང་ནི་ཚུ་གི་སྐོར་ལས་ གཙོ་བོར་བཟུང་སྟེ་ གནང་ཡོདཔ་ཨིན་པས།

འབྲུག་དང་མོང་གོ་ལི་ཡའི་བར་ན་ འབྲེལ་དོན་གསརཔ་དང་འབྲེལ་ཏེ་ ཕྱོགས་གཉིས་ཆ་རའི་ཁ་ཐུག་ལས་ གྲོས་བསྟུན་དེ་གིས་ མཐུན་ལམ་དང་མཉམ་འབྲེལ་ ཡར་དྲག་གཏང་ཚུགས་པའི་ རེ་འདུན་བཟང་པོ་ བསྐྱེད་ཡོད་པའི་གནས་ཚུལ།

Please follow and like us: